སྲོལ་རྒྱུན་ལྟར་ས་ཞིང་འདེབས་ལས་འགོ་འཛུགས་བྱས་འདུག

news photo famar of mundgod 2012  4  25 2ཟླ་འདིའི་ཚེས་༢༥ ཉིན་གྱི་ཞོགས་པ་༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་འཁྲུངས་སྐར་དང་སྟབས་བསྟུན་ནས།   རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་གཞིས་གྲོང་ཁག་དགུས་ཞིང་ལས་ཀྱི་ཐོག་མ་ཆོས་ཕྱོགས་ཀྱི་མཛད་སྒོ་དང་སྦྲགས། འདི་ལོའི་ས་ཞིང་འདེབས་ལས་འགོ་འཛུགས་ཀྱི་མཛད་སྒོ་འཚོགས་ཡོད་པ་རེད།

ཚོགས་ཐོག་ཏུ་སྐུ་མགྲོན་གཙོ་བོ་ཕྱོགས་བཞུགས་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་དང་མོན་གྷོ་ས་འཐུས་ཚོགས་གཙོ་དང་ས་གནས་འགོ་འཛིན་བཅས་མོན་གྷོ་ས་གནས་ཀྱི་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ལས་སྣེ་ཡོངས་དང་སེར་སྐྱ་མི་མཉམ་ཞུགས་བྱས།

དེ་ཡང་ཐོག་མར་ཆོས་ཕྱོགས་ཀྱི་མཛད་སྒོ་ལེགས་པར་གྲུབ་རྗེས། གཞིས་གྲོང་སོ་སོའི་སྲོལ་རྒྱུན་ཞིང་ཁ་རྨོ་བྱེད་ཀྱི་བ་གླང་དང་དེང་དུས་ཀྱི་ས་ཞིང་འདེབས་ལས་ཀྱི་འདྲུད་འཐེན་འཁོར་ལོ་བཅས་ཀྱིས་ས་ཞིང་འདེམས་ལས་ཀྱི་རྟེན་འབྲེལ་དབུ་འཛུགས་བྱས་སོང་།  དེ་ནས་གཞིས་གྲོང་རེ་རེ་ནས་ཞིང་པ་རྒན་རབས་པ་རེ་ནས་གནའ་བོའི་བོད་ཀྱི་ས་ཞིང་འདེབས་ལས་ཇི་ལྟར་བྱེད་ཀྱི་ཡོད་མེད་སྐོར་ལམ་སྟོན་གསུང་བཤད་གནང་སོང་།

news photo famar of mundgod 2012  4  25 1གཞིས་གྲོང་གསུམ་པའི་སྤྱི་མི་ཡེ་ཤེས་རྒྱལ་མཚན་ལགས་ལ་སྲོལ་རྒྱུན་སོ་ནམ་ཞིང་ལས་ཀྱི་བྱེད་སྒོ་དེའི་སྐོར་ལ་བཅར་འདྲི་ཞུས་པར།  སྔོན་མ་བོད་ལ་དར་བའི་སྲོལ་རྒྱུན་གྱི་ས་ཞིང་འདེབས་ལས་དེ་གལ་ཆེན་ཞིག་ཆགས་འདུག   ང་ཚོའི་གཞིས་ཆགས་འདིའི་ནང་ལ་སྔོན་མ་རྒན་རབས་པ་ཚོའི་སྐབས་སུ་ཆོས་ཕྱོགས་དང་འབྲེལ་བའི་སྲོལ་རྒྱུན་གྱི་བྱེད་སྒོ་འདི་ཡོད་པ་རེད་དེ།   བར་སྐབས་ཤིག་ནས་ཉམ་ཆགས་སུ་སོང་ཡོད་པ་རེད།   ད་ལོ་གཞིས་གྲོང་དགུའི་སྤྱི་མི་ཚོགས་འདུ་འཚོགས་ནས་སླར་ཡང་ས་ཞིང་དཀར་འཛིན་བྱེད་རྒྱུ་དེ་ཐག་ཆོད་བྱུང་བ་གཞིར་བཟུང་དེ་རིང་ས་གནས་འགོ་འཛིན་གཙོས་མི་མང་མཉམ་ཕེབས་ཐོག་མགོ་འཛུག་བྱས་པ་ཡིན་ཞེས་འགྲེལ་བརྗོད་གནང་སོང་།

ཡང་ཁོང་གིས་མུ་མཐུད་ནས་གསུང་དོན།   ལས་རིམ་འདི་ང་ཚོས་གལ་ཆེན་ལ་བརྩི་ཡི་ཡོད།  ༧སྐྱབས་མགོན་རིན་པོ་ཆེ་དང་བོད་གཞུང་གིས་ངོས་ནས་བོད་མིའི་ཚོ་རྡོག་རྩ་གཅིག་སྒྲིལ་ཐོག་བོད་མིའི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་གནས་ཡོང་ཐུབ་པའི་ཆེད་དུ་ང་ཚོ་རུབ་རུབ་བྱས་ནས་བཞག་པ་རེད།  བཙོ་བོ་འཚོ་རྟེན་ཞིག་ངེས་པར་དུ་དགོས་ཀྱི་ཡོད་པས། ས་ཞིང་འདེབས་ལས་བྱས་པ་རེད། ཡིན་ན་ཡང་ས་བཅུད་ཉམས་ནས་ཞིང་པ་ལ་ཐོན་འབབ་ཀྱི་དཀའ་ངལ་འཕྲད་ཀྱི་ཡོད་པ་རེད། མ་འོངས་པར་སྲོལ་རྒྱུན་ལས་གཞི་དེ་ང་ཚོའི་མུ་མཐུད་ནས་ལག་ལེན་བསྟར་ཐུབ་པའི་རེ་བ་བྱེད་ཀྱི་ཡོད།  དེ་བཞིན་གཞོན་སྐྱེས་ཚོར་ཞིང་ལས་ཀྱི་གོ་རྟོགས་སྤེལ་རྒྱུ་དང་།   སྔ་རབས་ནས་ཡོད་པའི་ང་རང་ཚོའི་སྲོལ་རྒྱུན་ཞིང་ལས་དེ་མི་ཉམས་རྒྱུན་གནས་དང་དང་ཉམས་པ་སླར་གསོ་ཡོང་ཐུབ་པའི་ཆེད་དུ་ཞིང་པ་མི་རབས་རྒན་པ་ཁག་གཅིག་དེ་རིང་འདིར་སྐད་བཏང་ནས་མི་རབས་རྒན་པ་ཚོའི་ས་ཞིང་འདེབས་ལས་སྐོར་ལ་ལམ་སྟོན་གསུང་བཤད་གོ་སྒྲིག་བྱས་ཏེ། སྲོལ་རྒྱུན་ས་ཞིང་འདེབས་ལས་སྲུང་བརྩི་བྱས་པ་ཡིན་ཞེས་སོགས་བརྗོད་སོང་།

མོན་གྷོ་གསར་འགོད་པས།

Share this:
༤༩ ཀློག་གྲངས།