མདོ་རོང་ཡུལ་དུ་སངས་རྒྱས་ཀྱི་བསྟན་པ་སྤེལ་ཏེ་ལོ་༦༠༠ འཁོར་བ།

kirti1_5_5_2012དེ་རིང་ཞོགས་པར་འཕགས་ཡུལ་ཀིརྟི་བྱིས་པ་གྲྭ་ཚང་གི་གོ་སྒྲིག་འོག དགའ་ལྡན་ཁྲི་རིན་པ་ཆེ་དབུ་བཞུགས་ཐོག སྐྱབས་མགོན་ཀིརྟི་རིམ་བྱོན་གྱིས། མདོ་རོང་གི་ཡུལ་དུ་སངས་རྒྱས་ཀྱི་བསྟན་པ་སྤེལ་ནས་ལོ་ངོ་༦༠༠ འཁོར་པའི་དུས་དྲན་མཛད་སྒོ་ཞིག་འཚོགས་སོང་།

དེ་ཡང་ཟླ་འདིའི་ཕྱི་ཚེས་༥ ཉིན་གྱི་ཞོགས་པའི་ཆུ་ཚོད་༩ པའི་ཐོག རྒྱ་གར་དྷ་ས་ཀིརྟི་བྱིས་པ་གྲྭ་ཚང་དུ། དགའ་ལྡན་ཁྲི་རིན་པོ་ཆེ་དབུ་བཞུགས་ཐོག སྐྱབས་མགོན་ཀིརྟི་རིམ་བྱོན་གྱིས་མདོ་རོང་གི་ཡུལ་དུ། སངས་རྒྱས་ཀྱི་བསྟན་པ་སྤེལ་ནས་ལོ་ངོ་༦༠༠ འཁོར་པའི་དུས་དྲན་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་དགའ་ལྡན་ཁྲི་རིན་པོ་ཆེ་རི་རྫོང་སྤྲུལ་སྐུ་རྗེ་བཙུན་ཐུབ་བསྟན་ཉི་མ་མཆོག་དང་། སྐྱབས་རྗེ་ཀིརྟི་རིན་པོ་ཆེ་རྗེ་བཙུན་བློ་བཟང་བསྟན་འཛིན་འཇིགས་མེད་མཆོག་གིས་གཙོས་པའི་དགེ་བཤེས་ཁག་ཅིག་དང་།  གཞན་ཡང་སྤྱི་འཐུས་དང་། དྲུང་ཆེ་ཁག་ཅིག ཚོགས་པ་ཁག་གི་སྐུ་ཚབ། སེར་སྐྱ་མི་མང་བཅས་མཉམ་འཛོམས་བྱུང་ཡོད་པ་རེད།

དེ་ཡང་ཐོག་མར་སྐུ་མགྲོན་གཙོ་བོ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་ཆོས་ནོར་མགྲོན་ཁང་ནས། སྤྱན་རྒྱ་སྤོེས་སྣེས་ཀིརྟི་གྲྭ་ཚང་དུ་མདུན་བསུ་གྲུབ་པ་དང་། སྐུ་མགྲོན་གཙོ་བོ་མཆོག་གིས་སྣང་གསལ་མར་མེའི་ཞལ་འབྱེད་ཀྱིས་མཛད་སྒོ་དངོས་སུ་དབུ་འཛུགས་གནང་སོང་།

kirti_5_5_2012མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་གིས་མང་ཚོགས་ལ་བཀའ་སློབ་གནང་དོན། རྩ་བའི་སངས་རྒྱས་ཀྱི་བསྟན་པ་ཉམས་ཆག་འགྲོ་རྐྱེན་གཙོ་བོ་དེ། མི་སེར་ལ་ཆོས་ཀྱི་གོ་རྟོགས་མེད་པའི་རྐྱེན་གྱི་ཡིན་པའི་སྐོར་དང་། གལ་ཏེ་མི་མང་ལ་ཆོས་ཀྱི་གོ་རྟོགས་ཚད་མཐོན་པོར་སླེབས་ཐུབ་ཡོད་ན། སངས་རྒྱས་ཀྱི་བསྟན་པ་དེ་ཡང་དེའི་ཚོད་ཀྱི་དར་རྒྱས་སུ་འགྲོ་རྒྱུ་རེད། དེར་བརྟེན། མི་སེར་ལ་ཆོས་ཀྱི་གོ་རྟོགས་སྤེལ་དགོས་པ་གལ་ཆེན་པོ་དང་། སངས་རྒྱས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་མཁན་དགེ་འདུན་པའི་སྡེ་དེ་ཡང་། གྲངས་ཀ་མང་པོ་ཞིག་ཡོད་པ་ཙམ་གྱིས་མི་ཕན་པས། གང་ཡོད་པ་དེ་སྤུས་དག་པོ་དགོས་ཀྱི་ཡོད་པས་རབ་བྱུང་གི་སྡེར་ཞུགས་རྒྱུ་དེ་ལ་ཡང་ཚོད་འཛིན་ཞིག་ཡོད་ན་ལེགས་ས་རེད་ཅེས་གསུངས་སོང་།
དེ་ནས་ཀིརྟི་རིན་པོ་ཆེས། དེ་རིང་གི་དུས་དྲན་དེ་དགའ་སྤྲོའམ་ཐུགས་སྤྲོ་ལྟ་བུ་མིན་པ་མ་ཟད་ཕ་ཡུལ་ནས་མི་མང་གིས་རེ་བསྐུལ་ཞུས་པ་ལྟར། ཐོག་མར་ང་ཚོ་གྲོས་བྱེད་སྐབས་དུས་དྲན་འདི་ཟང་ཟིང་གི་འདུ་མཛོམས་ལྟ་བུ་མ་ཡིན་པར། ཆོས་ཕྱོགས་རང་གི་རྣམ་པའི་ཐོག་ནས་འཚོགས་རྒྱུར་གཏན་འབེབས་བྱས་པ་བཞིན། དེ་རིང་འདི་ལྟར་དགའ་ལྡན་ཁྲི་རིན་པོ་ཆེ་དབུ་བཞུགས་ཐོག་འཚོགས་རྒྱུ་བྱུང་བ་སྐལ་པ་བཟང་པོ་ཡིན་སྐོར་དང་འབྲེལ་ནས་གསུང་དོན། རྩ་བའི་ཨ་མདོའི་ལྷོ་རྒྱུད་དེ་སྲིན་པོ་གདོང་དམར་ཅན་གྱི་ཡུལ་ཟེར་ནས། གདུལ་བྱ་འདུལ་དཀའ་བ་དང་མི་གཤིས་རྩུབ་ས། བསྟན་པ་མ་དར་ས་དེ་འདྲ་ཞིག་ཏུ། ཀིརྟི་སྐུ་ཕྲེང་རིམ་བྱོན་གྱིས་སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་། ལྷག་པར་དུ་འཇམ་མགོན་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཤུགས་ཆེར་སྤེལ་ཏེ། འགྲོ་དོན་རྒྱ་ཆེན་པོ་མཛད་ཡོད་པ་དང་། ང་རང་གིས་ཀྱང་ཀིརྟི་སྐུ་ཕྲེང་རིམ་བྱོན་གྱི་མཛད་པ་རྒྱུན་འཁྱོངས་དང་འབྲེལ། ༧གོང་ས་མཆོག་གི་བཀའ་དགོངས་གཞིར་བཟུང་གིས་རྒྱལ་བའི་བསྟན་པ་རིན་པོ་ཆེ། ཉམས་པ་སླར་གསོ་དང་མི་ཉམས་རྒྱུན་འཛིན་བྱེད་ཐབས་ཀྱིེས། རྒྱལ་བའི་བསྟན་པར་ཞབས་འདེགས་གང་འཚམས་ཤིག་ཞུ་ཐུབ་ཡོད་ཅེས་དང་།

ཡང་ཁོང་གིས་མི་རབས་རྒན་པ་ཚོས་རྒྱལ་བའི་བསྟན་པ་རིན་པོ་ཆེ་འཆད་རྩོད་རྩོམ་གསུམ་གྱིས། མི་ཉམས་རྒྱུན་འཛིན་བྱས་ཡོད་པ་ནང་བཞིན། མི་རབས་གསར་པ་ཚོའི་ངོས་ནས་ཀྱང་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་མི་ཉམས་རྒྱུན་འཛིན་དང་། ཉམས་པ་སླར་གསོ་བྱ་དགོས་སྐོར་དང་། ལྷག་པར་དུ་རབ་བྱུང་བ་ཚོས་ཆོས་པ་རྣམ་དག་ཅིག་བྱས་ནས་ལུང་རྟོག་གི་བསྟན་པ་རིན་པོ་ཆེ་དེ་ཉིད་མི་ཉམས་པ་གནང་རོགས་ཞེས་འབོད་སྐུལ་དང་སྦྲགས་གསུངས་སོང་།

kirti2_5_5_2012

ཉིན་གུང་རྒྱབ་ཆུ་ཚོད་༡། ༣༠ ནས་ཆུ་ཚོད་༣ བར་ཀིརྟི་རིམ་བྱོན་གྱིས་མདོ་རོང་གི་ཡུལ་དུ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་སྤྱི་དང་། བྱེ་བྲག་འཇམ་མགོན་རྒྱལ་བ་གཉིས་པའི་བསྟན་པ་རིན་པོ་ཆེ་ཕྱོགས་མཐར་དར་ཞིང་རྒྱས་པར་མཛད་ནས། མི་ལོ་༦༠༠ འཁོར་བའི་དུས་དྲན་སྲུང་བརྩི་དང་བསྟུན། ཐེངས་དང་པོར་ཕར་ཕྱིན་དབྱར་ཆོས་ཆེན་མོ་གསར་འཛུགས་དབུ་འབྱེད་ཀྱི་དྲང་ངེས་དམ་བཅའ་ཆེན་མོ་ཚུགས་རྒྱུ་རེད་འདུག

དུས་དྲན་སྲུང་བརྩི་དེ་དང་འབྲེལ་བའི་ཁྲོད་ལོ་གཅིག་གི་རིང་དགོན་མ་ལག་སོ་སོས་འགན་བཞེས་ཏེ་རང་རང་སོ་སོའི་འབྲེལ་ཡོད་མང་ཚོགས་ལ་༧སྐྱབས་མགོན་ཀིརྟི་རིན་པོ་ཆེས་མཛད་པའི་བསླབ་བྱ་གཉིས་ཀྱིས་མཚོན་ནང་ཆོས་ངོ་སྤྲོད་ལས་གཞི་རྒྱ་གང་ཆེ་རེ་སྤེལ་རྒྱུ་དང་། ལོ་གཅིག་རིང་སེམས་ཅན་སྲོག་བླུ་དང་། ཁོར་ཡུག་སྲུང་སྐྱོབས། སྤྱི་པའི་ཚོགས་ཐོག་ནས་དམར་ཟས་སྤོང་ཐབས། སྲོག་མི་གཅོད་པ། ས་རྩོད་མི་བྱེད་པ། རྐུ་འཕྲོག་ཇག་གསུམ་སྤོང་པ། རྒྱན་རྩེད། ཆང་དང་ཐ་མ་ཁ་གཅོད་པ་སོགས་ཡ་རབས་སྤྱོད་བཟང་ལ་ཀིརྟི་ཚང་གི་དགོན་གྲོང་ཐུན་མོང་ནས་དམིགས་བསལ་འབད་བརྩོན་གནང་རྒྱུ་སོགས་ཀྱི་ལས་རིམ་ཡོད་པ་རེད།།

Share this:
༨༦ ཀློག་གྲངས།