སི་རི་ཡའི་དྲག་པོའི་ཟིང་འཁྲུག་ཁྲོད་ཀྱི་འོས་བསྡུ།

རེའུ་ཊར་གསར་ཁང་དུ་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ཟླ་༥ ཚེས་༧ ཉིན་སི་རི་ཡའི་རྒྱལ་ཡོངས་གྲོས་ཚོགས་འཐུས་མིའི་འོས་བསྡུ་བྱས་ཡོད་པ་དང་། དེ་ནི་སྲིད་འཛིན་ཨ་ཟཱ་ཏའི་གཞུང་ལ་ངོ་རྒོལ་གྱི་མི་མང་སྒེར་ལངས་བྱས་ནས་ཟླ་བ་༡༤ ཡི་རྗེས། ཆབ་སྲིད་ཀྱི་སྒྱུར་བཅོས་ཐོག་མ་དེ་ཡིན་འདུག

སྲིད་གཞུང་གིས་བརྗོད་དོན་ལྟར་ན། དེ་ནི་ཆབ་སྲིད་འཕོ་འགྱུར་གཏོང་བའི་ལོ་རྒྱུས་ཀྱི་དཀྱོག་མཚམས་ཤིག་ཡིན་ཞེས་བརྗོད་འདུག

འོན་ཀྱང་འོས་བསྡུ་འགོ་མ་ཚུགས་གོང་ཙམ་ནས་རྒྱལ་ཁབ་དེའི་ཤར་ཕྱོགས་ནས་མི་མང་གིས་དྲག་པོའི་ཡར་ལངས་སྔར་ལས་ལྷག་བྱས་ནས། དྲག་པོའི་ཟིང་འཁྲུག་ཁྲོད་འོས་བསྡུའི་ལས་གཞི་དེ་ཡིད་ཆེས་ལྡན་པའི་ངང་གོ་སྒྲིག་བྱེད་དགོས་པའི་འབོད་སྐུལ་བྱེད་ཀྱི་ཡོད་པ་རེད། མ་ཟད་དྲག་སྤྱོད་དང་ཁྲག་སྦྱོར་གྱི་ཟིང་འཁྲུག་མཚམས་མ་ཆད་པའི་སྐབས་དེར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་འགྲིག་གི་ལས་གཞི་དེ་མགོ་རྙོག་ཏུ་འགྲོ་བཞིན་ཡོད།

རེས་གཟའ་ཉི་མའི་ཉིན་རྒྱལ་ས་ཌམ་མ་སི་ཁ་སི་ནང་ངོ་ལོག་ལས་འགུལ་བ་ཚོས་དྲག་པོའི་དམག་དཔུང་ལ་འཐབ་འཛིང་ཤུགས་ཆེན་བྱས་ཏེ། མི་སེར་མང་པོར་རྨས་སྐྱོན་ཕོག་པ་དང་གཞོན་རབས་པ་གཅིག་ཚུད་པའི་མི་གྲངས་ལྔ་རྐྱེན་ལམ་དུ་བཏང་ཡོད་པ་རེད།

སི་རི་ཡའི་ནང་ཨ་རབ་དཔྱིད་ཀའི་གསར་བརྗེའི་ཤུགས་རྐྱེན་འོག་ཊུ་ནི་ཤི་ཡ་དང་། ཨི་ཇེབ་ཊ། ལིབ་ཡ། ཡེ་མེན་སོགས་ཀྱི་སྲིད་དབང་སྒེར་འཛིན་པའི་འགོ་ཁྲིད་སོགས་དང་མི་འདྲ་བར། སྲིད་འཛིན་ཨ་ཟཱ་ཏས་བདེ་འཇགས་ཀྱི་གོ་མཚོན་དང་དམག་ཁྲིམས་དམ་པོར་བཙུགས་ནས་གྱེན་ལངས་དྲག་གནོན་བྱེད་པའི་དམག་དཔུང་གི་རྒྱབ་སྐྱོར་ཤུགས་དྲག་ཆེན་པོར་བཞག་ཡོད།

ཕྱི་ལོ་༢༠༠༠ ལོ་ནས་བཟུང་ཨ་ཟཱ་ཏས་ཁོའི་ཕ་ཤུལ་བུས་བཟུང་ཐོག། སུན་ཎི་ཁ་ཆེའི་གྲངས་མང་མི་རིགས་ཡིན་པའི་རྒྱལ་ཁབ་དེར་ཆབ་སྲིད་ཚོགས་པ་གཅིག་ཡོད་ཀྱང་། ད་ཆར་དེར་ཕྱོགས་འགལ་ཚོགས་པ་གཅིག་ཀྱང་མེད་པ་དང་། གྲོས་ཚོགས་ཀྱི་ས་མིག་བརྒྱ་ཆ་ཕྱེད་ཀ་ཨ་ཟཱ་ཏའི་དབང་བསྒྱུར་འོག་ཏུ་ཡོད་པའི་ལས་བྱེད་དང་ཞིང་པ་ཚོར་བཀོད་ཉར་ཡོད་པ་རེད།

མི་མང་ལ་རྩ་ཁྲིམས་བསྐྱར་བཅོས་དགོས་ཞེས་ཁ་གཡར་ནས་ཆབ་སྲིད་ཚོགས་པ་གསར་པ་འཛུགས་པའི་བཀོད་སྒྲིག་བྱེད་ཀྱི་མོད། དོན་དངོས་ཆབ་སྲིད་ལ་འགྱུར་བ་གང་ཡང་མཐོང་གི་མེད་པས། མི་ཚོགས་ཀྱི་འོས་འདེམས་ལས་གཡོལ་བ་དང་། གྱེན་ལངས་པའི་མཐོ་རིམ་མི་སྣ་ཁ་ཤས་རྒྱལ་ཁབ་འདི་ནས་བྲོས་བྱོལ་དུ་འགྲོ་བཞིན་ཡོད་པ་རེད།

རྒྱལ་ས་གཙོས་པའི་ས་ཁུལ་ནང་སར་འོས་འདེམས་ཀྱི་དྲིལ་བསྒྲགས་བྱེད་བཞིན་ཡོད་མོད། འོས་གཞི་ཡོང་ཁུངས་གཙོ་ཆེ་བ་ཨ་ཟཱ་ཏས་འོས་མི་ཡིན་པ་རེད། ལས་འགུལ་བའི་གཙོ་གྲས་ཧུ་སེན་གྱིས་བརྗོད་དོན། “འོས་བསྡུ་འདིས་ཆབ་སྲིད་ཀྱི་སྲིད་དབང་ལ་འགྱུར་བ་གང་ཡང་གཏོང་བའི་ནུས་པ་ཡོད་པ་མ་རེད།”
ཁོང་གི་མི་འཐུད་ནས་“འོས་ཤོག་སུས་འཕང་མིན་ལ་ཁྱད་པར་མི་འདུག འདི་དམག་གི་འོས་འདེམས་རེད། མི་མང་གི་མངོན་འདོད་ལ་རྒྱབ་འགལ་རེད། གང་ལྟར་གྲོས་ཚོགས་ལ་དབང་ཤུགས་སྤུ་ཙམ་ཡོད་མ་རེད་”ཅེས་བརྗོད་ཡོད་པ་རེད།
“ན་ནིངས་ཀྱི་གནས་ཚུལ་དེས་མི་མང་རྨོངས་པ་ལས་སད་ཅིང་། དོན་དངོས་ཐོག་ང་ཚོར་མི་མང་གི་གྲོས་ཚོགས་ཚད་ལྡན་ཞིག་དགོས་ཀྱི་ཡོད་པ་ཤེས་རྟོགས་བྱུང་ཡོད་”ཅེས་ས་དྷེ་ཞེས་པའི་ས་ཁང་འཆར་འགོད་པ་ཞིག་གིས་བརྗོད་ཡོད།

སི་རི་ཡའི་གཞུང་དེ་ལྐོག་ཟ་རུལ་སུངས་དང་། སྲིད་དབང་སྒེར་སྤྱོད་ཀྱི་དབང་ཚད་ཤུགས་ཆེ་བས། མི་མང་ལ་རང་དབང་དང་འཚོ་བ་སོགས་གང་ཐད་ནས་དཀའ་ངལ་འཕྲད་བཞིན་ཡོད། གཞུང་འབྲེལ་ནས་བརྗོད་ན་མི་མང་ས་ཡ་༡༤ ཡོད་པ་དང་འོས་གཞི་༧༡༩༥ ཡོད་པའི་གསལ་བསྒྲགས་བྱས་ཡོད་པ་རེད། །

Share this:
༢༡ ཀློག་གྲངས།