ནགས་ཚལ་དང་འཁྱམ་འཁྱམ།

འདོད་ཐོག་དུ་མ་སོང་ན་ཨ་མ་རྒྱགས་པ་དེའི་གང་བཤད་མིན་ལ་མ་བལྟས་པར་ཨ་མ་ལ་ཕྱིར་ཁ་ལོག་རྒྱགས་རྒྱུ་དེ་ནི་རྒྱུན་ལྡན་རང་བཞིན་ཞིག་ཆགས་ཡོད། ནམ་རྒྱུན་འཚོ་བའི་གོམ་གཤིས་ནང་ནས་བསླབ་བྱའི་མ་འདང་བ་དང་སློབ་གསོ་སྤྲོད་སྟངས་ལ་ནོར་འཁྲུལ་བྱུང་སྟབས། ད་ནི་གློ་བུར་དུ་བྱ་བ་ངན་པ་བྱེད་པ་དང་གདོང་ཐུག་རྒྱག་སྐབས་སུ། དེ་ནི་བྱིས་པ་དག་གི་ནོར་འཁྲུལ་ཁོ་ནར་བསམ་གྱི་ཡོད། བུད་མེད་རྒྱགས་པ་འདི་ལ་བུ་མོ་ཆེ་ཆུང་གཉིས་ཡོད་པའི་ནང་གི་ཆུང་བ་དེ་ལས་ཀྱང་རང་ཤེད་ཚ་བ་ཞིག་རེད།
བུ་མོ་གཉིས་ཀྱི་མགོ་བརྩམ་ནས་རྩེད་མོ་རྩེད་རྒྱུ་བྱས་སོང་ལ། གངས་འཚོས་ཀྱང་བྱིས་པ་ གཉིས་ལ་རྒྱབ་སྐྱོར་བྱས་དེ་རྩེད་མོ་རྩེད་རྒྱུ་བྱས་སོང་། སྐབས་དེ་འདྲ་ཞིག་ལ་ཁོང་ཚོའི་ལྷན་དུ་ཡོད་པའི་ཕོ་གསར་དེ་ཡང་རྩེད་མོའི་ནང་གི་ཆ་ཤས་ལེན་རྒྱུར་འབོད་སྐུལ་བྱས་ན་ཡང་། ཕོ་གསར་དེའི་བུ་མོ་དེ་གཉིས་དང་ལྷན་དུ་རྩེད་མོ་རྩེ་རྒྱུ་དེ་ནི་ཡག་པོ་ཞིག་མིན་པ་ཤེས་ཡོད་པ་འདྲ། དགོངས་དག་ང་རྩེ་རྒྱུ་མིན་ཞེས་ཁོང་ཚོའི་འཁྲིས་ཀྱི་ཤིང་གི་རྐུབ་སྟེགས་རིང་བོ་ཤིག་གི་སྟེང་ནས་ཆུ་མངར་མོ་ཞིག་འཐུང་ཞོར་དུ་རྒྱང་ནས་ཁོང་ཚོ་ལ་བལྟས་དེ་བསྡད། རྩེད་མོ་འགོ་བཙུགས་སོང་།
ཡུན་རིང་མ་སོང་བར་བུ་མོ་ཆུང་བ་དེ་རྩེད་མོའི་ཁྲོད་དུ་ཕམ་ཁ་ཉོས་དེ་ཁོང་ཚོ་གསུམ་རྒྱལ་སོང་བའི་སྐབས་དེ་ལ། བུ་མོ་ཆུང་ཆུང་དེ་ཤིང་སྡོང་ཞིག་ལ་མགོ་གཏད་དེ་ངུས། དེ་དུས་ཁོང་གསུམ་གྱིས་བུ་མོ་ཆུང་ཆུང་ལ་སེམས་གསོ་བྱེད་དུ་འཛོམ་སོང་། བུ་མོ་ཆེ་བས་བུ་མོ་ཆུང་བ་དེ་ལ་ཁྱེད་རང་ཕམ་སོང་བ་དངོས་ནས་རེད། ངུས་དེ་ག་རེ་བྱེད་ཀྱི་ཡོད་ཅེས་བཤད་མ་ཐག བུ་མོ་ཆེ་བ་དེ་ལ་བུད་མེད་རྒྱགས་པ་མ་དེའི་ལག་པས་གཡུགས་ཙམ་ལས་བྱས་མ་སོང་ལ་རྩེད་མོ་ཡང་དེ་ལྟར་མཇུག་བསྡུས།
ད་ནི་ཁོང་ཚོ་རང་རང་གི་ས་ནས་ཐང་ཆད་དེ་ཕོ་གསར་དེའི་འགྲམ་དུ་ཡོང་ནས་དགྲ་ཟླ་བཞིན་ཕན་ཚུན་ལ་ཁ་ཡང་མི་གྲགས་པར་རེ་ཞིག་བསྡད། སྐབས་དེ་འདྲ་ཞིག་ལ་གངས་འཚོས་བུ་མོ་གཉིས་ཀ་འཁྲིད་དེ་བྱིས་པ་རྩེད་སའི་སྐེས་འཛེགས་དང་གནམ་མཆོང་རྩེད་མོ་ཡོད་སར་བྱིན་སོང་། བུད་མེད་རྒྱགས་པ་མ་དེའི་ངོ་གདོང་ཤོར་ནས་ཇ་འཁྱག་ཞིག་འཐུང་ཞོར་དུ་ཡར་བླངས་སོང་། གོམ་ཁ་ནགས་ཚལ་གྱི་ཕྱོགས་སུ་བསྒྱུར་ཞོར་དུ་བུ་མོ་ཆུང་བ་སྐད་བཏང་དེ་མོ་རང་ལྷན་དུ་འཁྲིད་དེ་ནགས་ཚལ་སྟུག་པོའི་ཁྲོད་དུ་རླུང་སངས་དུ་འབུད་སོང་བའི་ཤུལ་གྱི་བུ་མོ་ཆེ་བ་དང་གངས་འཚོ་གཉིས་ཕོ་གསར་དེའི་འགྲམ་དུ་ཡོང་ནས་ང་ཚོ་རླུང་སངས་དུ་འགྲོ་ཟེར་ནས་སྐུལ་མོད། ཕོ་གསར་དེ་བགད་ནོ་དགོད་ཞོར་དུ། ང་མི་འགྲོ ཁྱེད་གཉིས་སོང་ཞེས་ལན་བཏབ་དུས། གངས་འཚོས་ཕོ་གསར་དེ་ལ་ཁྱེད་རང་འདིར་བསྡོད་ཀྱི་ཡིན་ནམ་ཟེར་ནས་དྲི་བ་གཉིས་པ་དེ་བཏང་། ཕོ་གསར་དེའི་མགོ་བོ་སྡེབས་ཀྱིན་ཡིན། ངས་ངེད་ཅག་གི་ཅ་ལག་དང་རླངས་འཁོར་ལ་བལྟས་དེ་བསྡོད་ཆོག ཁྱེད་གཉིས་སོང་ཞེས་བཤད། ཁོ་གཉིས་ཡར་བླངས་ནས་བུད་མེད་རྒྱགས་པ་མ་དེ་དང་བུ་མོ་ཆུང་བ་གཉིས་འགྲོ་སའི་ཕྱོགས་སུ་མ་སོང་བར་ཕྱོགས་གཞན་དུ་འབུད་སོང་།
ཕོ་གསར་དེ་ཚང་མ་སོང་ཤུལ་ན་གཅིག་བུར་ཁུ་སིམ་མེར་འདུག་ལ་བསམ་བློ་གཞན་ཞིག་ཀྱང་གཏོང་བཞིན་འདུག ཨ་གནམ་རྒན་མ། ཉིན་ཞིག་ང་རང་ལ་ཡང་བྱིས་པ་ཞིག་ཡོད་དུས་སུ། ངས་དེ་དག་ལ་སློབ་གསོ་དང་མི་ལ་བརྩི་བཀུར་ཡོད་པའི་འཁྲིད་གཞི་གང་ཞིག་འཁྲིད་དགོས་སམ་སྙམ་བཞིན་བསམ་བློ་མང་བོ་ཞིག་བཏང་ནས་བསྡད་ཡོད་སྐབས། བུ་མོ་ཆེ་བ་དང་གངས་འཚོ་གཉིས་ཕར་ཕྱོགས་ནས་སླེབས་པ་དང་། ཚུར་ཕྱོགས་ནས་བུད་མེད་རྒྱགས་པ་དེ་དང་བུ་མོ་ཆུང་བ་གཉིས་སླེབས་པ་དུས་གཅིག་ལ་འཁེལ། བུད་མེད་རྒྱགས་པ་དེའི་སྐད་ཤུགས་ཆེན་པོའི་སྒོ་ནས་ཕོ་གསར་དེ་ལ་འདིར་ཤོག་དང་མེ་ཏོག་སྙིང་རྗེ་བོ་ཞིག་ཞེས་སྐད་བཏང་སོང་། སྐབས་དེར་མི་ཚང་མ་དེའི་ཕྱོགས་སུ་འདུས།
མེ་ཏོག་སྙིང་རྗེ་བ་ལའང་་ཟེར་ནས་གཅིག་ཁ་གཅིག་གིས་འཕྲོག་ནས་ཕོ་གསར་དེ་ལ་གསལ་བཤད་བྱས། ཕོ་གསར་དེའི་སེམས་སུ་འདི་ནི་གང་ཡང་མ་རེད། ངའི་ཕ་ཡུལ་ན་འདི་ལས་ཀྱང་མཛེས་པའི་མེ་ཏོག་སྟོང་ཕྲག་མང་བོ་ཐང་གཤོང་གཅིག་དུ་མཐོང་རྒྱུ་ཡོད་སྙམ་ཞོར་དུ་གདོང་དུ་འཛུམ་ཞིག་དང་བཅས། ཁོང་ཚོ་ལ་བལྟས་དུས། སླར་ཡང་ཁོང་ཚོས་ཕན་ཚུན་ལ་ཁ་གྲགས་ཀྱི་འདུག་པ་དེར་མཐོང་བས་དགའ་སོང་མོད། ཡིན་ཡང་། དེ་ནི་བཙན་གྱིས་བཅོས་པའི་འཛུམ་འདང་ཞིག་གིས་ཕོ་གསར་དེ་ལ་ངོ་གསོ་བྱེད་ཀྱི་ཡོད་པ་ལྟ་བུ་ཞིག་རེད། གང་ལྟར། ཕོ་གསར་དེའི་བྱིས་པ་འཚར་ལོངས་བྱེད་སྟངས་ཀྱི་ཐད་དུ་སེམས་འཁྲལ་བྱེད་ཞོར་དུ་ཁོང་ཚོ་སླར་ཡང་རླངས་འཁོར་ནང་དུ་འབུད།

༢༨།༡༢།༠༨  

 

Share this:
༡༥༠ ཀློག་གྲངས།