བཙུན་མར་དགེ་བཤེས་མའི་ལག་ཁྱེར་སྤྲོད་ཕྱོགས་སྐོར་ལ་བགྲོ་གླེང་།

ཟླ་འདིའི་ཚེས་༡༨ ཉིན་བོད་གཞུང་ཆོས་རིགས་ལས་ཁུངས་ཀྱི་གོ་སྒྲིག་འོག དྷ་ས་གངས་སྐྱིད་དུ་ཉིན་གཉིས་རིང་བསླབ་པ་མཐར་སོན་པའི་བཙུན་མ་རྣམས་ལ་དགེ་བཤེས་མའི་ལག་ཁྱེར་འབུལ་ཕྱོགས་སྐོར་ལ་བགྲོ་གླེང་ཞིག་འཚོགས་ཡོད་པ་རེད།

བགྲོ་གླེང་དབུ་འབྱེད་མཛད་སྒོའི་ཐོག་བཀའ་ཁྲི་བློ་བཟང་སེང་གེས་བཙུན་མར་ལག་ཁྱེར་གནང་ཕྱོགས་སྐོར་ལ་གསུང་བཤད་གནང་སྐབས། “ཁོངས་འཁྱོལ་བ་དང་། རྒྱུ་མཚན་ལྡན་པའི་ཐོག་ནས་ཐག་གཅོད་གནང་རོགས། མང་གཙོའི་ཐོག་ནས་ཕོ་མོ་འདྲ་མཉམ་ཁས་ལེན་གྱི་ཡོད་པ་རེད། བཀའ་ཤག་གི་ལྟ་གྲུབ་གསུམ་སྟེ་གཅིག་སྒྲིལ་དང་། རང་ཁ་རང་གསོ། གསར་གཏོད་བཅས་རེད། གཅིག་སྒྲིལ་བྱས་ནས་ཆོལ་ཁ་དབྱེར་མེད། ཆོས་ལུགས་རིས་མེད། ཕོ་མོ་འདྲ་མཉམ་ཞེས་འགྲེལ་བཤད་བརྒྱབ་ཡོང་སྐབས། དགེ་བཤེས་མའི་ལག་ཁྱེར་ཕུལ་རྒྱུར་ཆ་རྐྱེན་ཚང་ན་ཏན་ཏན་གནང་དགོས་པ་རེད་”ཅེས་གསུངས་ཡོད་པ་རེད།

དེ་རྗེས་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་གྱིས་དེ་སྔོན་བཙུན་མའི་ལག་ཁྱེར་སྐོར་ལ་གྲོས་བསྡུར་རིམ་པ་བྱས་པའི་བརྒྱུད་རིམ་དང་། བགྲོ་གླེང་འདི་འཚོགས་དགོས་པའི་སྐོར་ལ་ངོ་སྤྲོད་གསུང་བཤད་གནང་ཡོད་པ་རེད། དེ་རྗེས་བཙུན་མའི་ལས་འཆར་གྱི་འགན་འཛིན་བཀའ་ཟུར་རིན་ཆེན་མཁའ་འགྲོས་བཙུན་མའི་སློབ་སྦྱོང་བྱེད་ཕྱོགས་ཀྱི་བརྒྱུད་རིམ་སོགས་ངོ་སྤྲོད་གསུང་བཤད་གནང་།

བགྲོ་གླེང་གི་བརྗོད་གཞི་གཙོ་བོ་༧གོང་ས་མཆོག་ནས་ད་ལོའི་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་སྐབས་དགེ་བཤེས་མའི་ལག་ཁྱེར་གནང་ཕྱོགས་ཐད་བཀའ་སློབ་ལམ་སྟོན་ཕེབས་པར་དངོས་སུ་ལག་བསྟར་ཞུ་ཕྱོགས་སྐོར་སྤྱི་ཡོངས།
བཙུན་མའི་འདུས་སྡེ་ཁག་ནས་བསླབ་པ་མཐར་སོན་པའི་བཙུན་མ་རྣམས་ལ་དགེ་བཤེས་མའི་ཕྱག་ཁྱེར་འབུལ་ཕྱོགས་ཀྱི་སྒྲིག་གཞི་གཏན་འབེབས་གནང་རྒྱུ། ཡང་ན་བཙུན་མ་འདུས་སྡེ་ཁག་གི་བསླབ་པ་མཐར་སོན་པའི་བཙུན་མ་རྣམས་ལ་དགེ་བཤེས་མའི་ཕྱག་ཁྱེར་འབུལ་ཕྱོགས་ཀྱི་སྒྲིག་གཞི་བཟོ་མཁན་ཚོགས་ཆུང་གཏན་འབེབས་གནང་རྒྱུ།
ཕྱི་ཟླ་༨་ཚེས་༡༩ ནས་ཚེས་༢༡ བར་མོན་གྷོ་དགའ་ལྡན་བླ་སྤྱིར་ཚོགས་རྒྱུའི་དགེ་ལུགས་བསྟན་བདག་དང་མཁན་པོ་ལྷན་ཚོགས་སུ་དགེ་བཤེས་མའི་སྐོར་སྙན་སྒྲོན་གསུང་བཤད་གནང་མཁན་བཙུན་མའི་སྐུ་ཚབ་གཅིག་དང་དཔེ་ཁྲིད་དགེ་རྒན་གཅིག་འདེབས་བསྐོ་གནང་རྒྱུ་བཅས་ཡིན་པ་རེད།།

Share this:
༤༨ ཀློག་གྲངས།