རྫས་དཀར་བླུགས་པའི་ཡིག་སྐོགས་ཤིག་ལ་དོགས་གཞི།

བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཚེས་༢༡ ཉིན་བྷེལ་རྗེམ་གྱི་གྲོང་ཁྱེར་བྷརུ་ཟེལ་ནས་སྤྱི་ལེ་༨༠ ཙམ་ཡོད་པའི་ཡོན་ཏན་གླིང་ནང་པའི་ཆོས་ཚོགས་སུ་༧གོང་ས་མཆོག་ཕེབས་ལ་ཉེ་བའི་སྐབས། རྫས་དཀར་པོ་ཞིབ་ཞིབ་བླུགས་པའི་ཡིག་སྐོགས་ཤིག་རྙེད་པ་དང་། དེར་དོགས་གཞི་བྱས་ཏེ་ཉེན་རྟོག་པས་བརྟག་དཔྱད་བྱེད་བཞིན་ཡོད་པ་རེད་ཅེས་འབྲེལ་ཡོད་ལས་བྱེད་ཀྱིས་བརྗོད་འདུག

ཆོས་ཚོགས་ཀྱི་ངོས་ནས་གནས་ཚུལ་དེའི་སྐོར་ལ་འགྲེལ་བརྗོད་བྱེད་འདོད་མེད་ཅེས་གནད་དོན་དེ་གཞུང་གི་ཉེན་རྟོག་པས་འགན་བླངས་ཟིན་རྗེས་བརྗོད་ཡོད་པ་རེད།

དགོངས་གྲངས་༧༦ ལ་ཕེབས་པའི་༧རྒྱལ་བ་རིན་པོ་ཆེ་མཆོག་ལ་ཆོས་ཚོགས་དེས་གདན་ཞུས་ཕུལ་བ་བཞིན། ཕྱི་ཚེས་༢༤ ཉིན་ཆིབས་བསྒྱུར་བསྐྱང་རྒྱུ་ཡིན་པ་དང་། ཡོན་ཏན་གླིང་ཆོས་ཚོགས་ནི་བྷེལ་ཇེམ་ནང་ཆོས་ཚོགས་ཆེ་ཤོས་ཤིག་ཡིན་པ་རེད།

ཆོས་ཚོགས་དེར་༧གོང་ས་མཆོག་གི་ཚོགས་ཁང་ཞིག་དབུ་འབྱེད་གནང་རྒྱུ་དང་། དེའི་རྗེས་གསར་འགོད་གསལ་བསྒྲགས་ཤིག་གནང་བ་དང་སྦྲགས་གསུང་བཤད་གནང་རྒྱུ་ཡིན་པ་རེད།

ཉེ་ཆར་རྒྱ་ནག་གིས་༧གོང་ས་ཏཱ་ལའི་བླ་མའི་དྲི་ཆུ་དང་། ཁྲག དབུ་སྐྲ་སོགས་ཀྱི་དཔེ་ཚད་གསང་བའི་ངང་རག་ཐབས་ཀྱིས་འཕྲོད་བསྟེན་ལ་ཞིབ་རྟོག་བྱེད་ཀྱི་ཡོད་སྐོར་གྱི་གནས་ཚུལ་ཡང་ཐོན་ཡོད་པ་རེད།

བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ་ཀྱིས་བརྗོད་དོན་ལྟར་ན། ཁོ་ཚོས་ཆེས་དེང་དུས་དང་མགོ་རྙོག་པའི་སྨན་རྫས་དང་དུག་ཅན་རྫས་སྦྱོར་གྱི་དངོས་རིགས་བེད་སྤྱད་དེ་༧གོང་ས་མཆོག་གི་སྐུ་ལ་གནོད་འཚེ་གཏོང་ཐབས་འཚོལ་ཞིབ་ཐད་འབད་བརྩོན་བྱེད་ཀྱི་ཡོད་པའི་གནས་ཚུལ་བྱུང་སྐོར་གསུངས་ཡོད་པ་རེད།

Share this:
༦༧ ཀློག་གྲངས།