ཞི་བའི་འཐབ་རྩོད།

རྩོམ་ཡིག་དོན་ཚན་༡༠ ཅན་འདི་ཕྱི་ལོ་༢༠༡༢།༥།༢༨ ཉིན་བལ་བོད་བར་དུ་ཞི་བའི་གོམ་བགྲོད་པ་གླིང་ཚ་ཚེ་ བརྟན་རྡོ་རྗེ་ཡིས་བཏང་ཡོད་པ་དང་། ཁོང་ལྟ་བལ་ཡུལ་ད་བཀག་ཉར་བྱས་ཡོད་པ་རེད།

ཞི་བའི་འཐབ་རྩོད།
ངས་འདི་ནས་ཤོག་སྨྱུག་མདུན་དུ་བཞག་ནས། ངས་འཐབ་རྩོད་བྱེད་བཞིན་པའི་ཞི་བའི་འཐབ་རྩོད་ཀྱི་སྐོར་འབྲི་བར་འབད་འབུངས་བྱེད་ཀྱི་ཡོད། འདི་ནི་མི་རིགས་ཏཻ། གངས་ཅན་བོད་མིའི་ཆོས་གོས་རིག་གཞུང་གི་རང་དབང་དང་ཞི་བདེ་ ལ་བཙན་འཛུལ་གཏོང་མཁན་རྒྱ་ནག་སྲིད་གཞུང་ལ་བོད་མི་སྒེར་བ་ཞིག་གི་ངོས་ནས་ཡིན་ ཡང་ཇི་ལྟར་རྩོད་ཕྱོགས་དེ་ཡིན། གཤམ་དུ་འདི་ཀློག་མཁན་གྱི་གངས་ཅན་བོད་མི་སུས་ཀྱང་ཐེངས་གཅིག་བཀླགས་རྗེས་ གཡུགས་ཏེ་མི་འཇོག་པར།འདི་ཡི་ཐད་དུ་བསམ་གཞིགས་ཞིབ་མོ་དང་བགྲོ་གླེང་ལྷུག་པོ། བདེན་པའི་སྟོབས་ལས་རྒྱལ་བར་བྱེད་པའི་ངའི་རྨོངས་སེམས་འདིའི་ལེགས་ཉེས་དབྱེ་ འབྱེད་ཀྱིས་ལག་ལེན་དངོས་སུ་འདེམས་མཁན་སུ་བྱུང་བ་དེ་ནི། བདེན་པའི་སྟོབས་ལ་ཡིད་ཆེས་བྱུང་བ་རེད་ཅེས་ངས་ཞུ་རྒྱུ་ཡིན།

གཅིག གནམ་འོག་འདི་ནས་འགྲོ་བ་མི་ཆེས་མང་བོ་ཞིག་ཉིན་རེ་བཞིན་སྐྱེ་འཆི་ལས་གཞན་འགྲོ་ འོང་གི་གནས་ཡུལ་གཞན་གང་ཡང་མེད་པ་གཏན་འཁེལ་བའི་མི་སྡེ་ཡི་སྤྱི་ཚོགས་ཤིག་ གྲུབ་ཡོད་ལ། མི་སྡེ་ཡི་སྤྱི་ཚོགས་རེ་རེ་ལ་མི་རིགས་ཤེས་སྡེ་ཚན་ཞིག་ཕྱེ་ཡོད་པ་དེ་ཡི་ཁྲོད་ ཀྱི་རང་ཉིད་སྐྱེ་ཁུངས་ཀྱི་མི་རིགས་འདི་ལ་བོད་ཅེས་འབོད་པ་དེ་ཡིན། རང་ཉིད་སྐྱེ་བའི་མི་རིགས་འདི་ལ་འཛམ་གླིང་གི་མི་རིགས་གཞན་དག་བཞིན་ལོ་རྒྱུས་ཡོད་པ་དང༌། སྐད་དང་ཡི་གེ་ཡོད་པ། སྲོལ་རྒྱུན་ལེགས་བྱང་གི་རིག་གཞུང་ཡོད་པ། མི་རབས་དུ་མ་ནས་བརྒྱུད་པའི་ནང་བསྟན་ཆོས་ལུགས་ཀྱི་གཙོ་གྱུར་ཆོས་ལུགས་གཞན་ཡང་རང་སྐྱ་འཕེལ་བའི་ལྟ་གྲུབ་ཡོད་པ། མི་རིགས་གཞན་དག་ལྟར་གཏན་ནས་ངོ་གནོང་མི་དགོས་པའི་བཙན་པོའི་བྱུང་རབས་དང་མེས་ པོ་རླབས་ཆེ་བ་ཆེས་མང་བོ་ཞིག་བྱུང་མྱོང་ཡོད་པའི་མི་རིགས་འདི་ལོ་ངོ་ལྔ་བཅུ་ ལྷག་གི་རྒྱ་ནག་སྲིད་གཞུང་གིས་བཙན་གནོན་འོག་ཏུ་བཅུགས་ཏེ། ད་ལྟ་ནི་མི་རིགས་ཉམ་ཉེས་ཆེས་ཆེ་བའི་དུས་ཚོད་ཅིག་སླེབས་ཡོད་པ་འདི་ནི་མིག་མཐོང་ལག་ཟིན་གྱི་སྐབས་ཤིག་ཆགས་ཡོད།

གཉིས། ང་རང་གིས་མི་ལོ་བཅུ་ཕྲག་གཉིས་ཙམ་ལ་རང་ཉིད་མི་རིགས་འདི་ལ་སྐྱེ་བའི་འགན་འཁྲི་ དང་འདུ་ཤེས། མི་རིགས་འདི་ཉིད་མི་རིགས་གཞན་དག་བཞིན་གནམ་འོག་འདིར་གསོན་པ་ལ་དོན་སྙིང་ཡོད་མེད་བཅས་ལ་རང་གི་མི་ཚེའི་རྒྱུད་རིམ་ལས་ཤེས་རྟོགས་དང་རྒྱུས་ལོན་བྱས་པ་དེར་ ནོར་འཁྲུལ་ཤོར་མེད་ཚེ། མི་རིགས་འདི་གནམ་འོག་འདིར་མི་རིགས་གཞན་དག་བཞིན་འཚོ་བ་དེར་དོན་སྙིང་ལྡན་པ་མ་ཟད། མི་རིགས་འདི་ཉིད་གནམ་འོག་འདིར་ཡུན་གནས་བྱུང་ན། མི་རིགས་འདིས་འཛམ་གླིང་མི་མང་ལ་སྲི་ཞུ་བླ་ན་མེད་པ་ཞུ་ཐུབ་པའི་ཆེས་ཁྱད་དུ་ འཕགས་པའི་འགྲོ་བ་མིའི་ཀུན་སྤྱོད་ཀྱི་རིན་ཐང་ལ་ཕན་པར་བདག་གིས་ཡིད་ཆེས་རྙེད་ ཡོད། དེས་ན་རང་རེའི་མི་རིགས་འདི་ཉིད་འཆི་བར་ཉེ་བའི་སོ་མཚམས་སུ། འདི་ཉིད་སྐྱོབས་པའི་འགན་འཁྲི་དང་པོ་དེ་ནི་མི་རིགས་འདི་ལ་སྐྱེ་བའི་སྐྱེ་བོ་ ཡོངས་ལ་འཁྲི་བའི་འགན་འཁུར་ཉག་གཅིག་དང་ནང་སྒོས་མི་རིགས་འདིའི་བདེ་སྡུག་གླེང་ བར་སྤྲོ་བའི་ཤེས་ཡོན་པའི་སྡེ་ལ་ལྡོག་མེད་ཀྱི་འགན་ཡོད་པ་བདག་གིས་ཡིད་ཆེས་བྱེད།

གསུམ། དེས་ན་མི་རིགས་འདི་ཉིད་ཀྱི་ཆོས་གོས་དང་སྐད་ཡིག་གོམ་གཤིས་ཀྱི་རང་དབང་ལ་ཇི་ ལྟར་བརྩོན་ལེན་བྱེད་ཅེས་ཟེར་ན། ང་ཚོ་འགྲོ་བ་མི་རྣམས་ཀྱི་ལྷན་སྐྱེས་ཀྱི་ཐོབ་ཐང༌། འདྲ་མཉམ་དང་འགྲོ་བ་མིའི་ཁེ་དབང་བཅས་ཀྱི་སྟེང་ནས་འགོ་བཙུགས་སྟེ་བརྩད་ན་ནི་ ནོར་འཆུག་མེད་པ་ནི་ ཡོངས་གྲགས་ཀྱི་རྒྱུ་མཚན་དང་གནས་ལུགས་ཆགས་ཡོད། ལག་ཏུ་མདའ་གྲི་མདུང་གསུམ། སེམས་ལ་ཞེ་སྡང་དང་གདུག་རྩུབ་ཀྱིས་ཁེངས་པའི་བསམ་ཤེས་དང་ཤེས་ཡོན་པ་དག་གི་ སྙིང་རྗེ་བའི་ཡུལ་སྡེ་དེ་དག་གི་ཁ་གཏད་འཇོག་པར་ང་ཚོ་ལ་ཐབས་ཤེས་གང་ཡོད་ཟེར་ན། དེ་དག་ལ་རྒོལ་ལན་སྤྲོད་པའི་ཐབས་ཤེས་ནི། བྱམས་བརྩེའི་སྟོན་པ། ༧སྤྱི་ནོར་གོང་ས་མཆོག་གི་ཐུགས་དགོང་འཁྲུལ་བ་མེད་པ་ནང་བཞིན། གཞན་ལ་དམིགས་པའི་སྙིང་རྗེ་དང་རང་སྡེ་སྐྱོང་བའི་ལྷག་བསམ་དེ་གཉིས་གཞིར་བཅས་ སྤྱོད་པ་འཚེ་བ་མེད་པའི་སྒོ་ནས་བློས་གཏོང་གི་དམ་འབུལ་ཚེ་སྲོག་གིས་བདེན་པར་ བཞག་ནས་འབད་འབུངས་ལྷོད་མེད་བྱས་པ་ཡིན་ན། དགྲ་ཡང་གྲོགས་ཀྱི་མཆོག་ཏུ་འགྱུར་བར་འགྲོ་བ་མིའི་ཀུན་གཤིས་ལས་ངས་ཡིད་ཆེས་ བྱེད་ཀྱི་ཡོད།

བཞི། གཙོ་བོ་ནི། ང་རང་གི་ཞི་བའི་འཐབ་རྩོད་འདི་ལ་མི་རིགས་བར་གྱི་ཉེ་རིང་མེད་པར་འགྲོ་བ་ཀུན་ སྙོམས་གྱི་བསམ་བློ་ཡོད་པ་ཞིག་དང་མ་མཐའ་ཡང་བྱམས་དང་སྙིང་རྗེ་ཡི་བག་ཆགས་ཕྲན་ བུ་ཞིག་རྒྱུད་ལ་མ་བྱུང་བར་ངའི་ཞི་བའི་འཐབ་རྩོད་འདི་འདྲ་ཞིག་བྱེད་པའི་བློས་ གཏོང་གི་བསམ་བློའི་གོ་རིམ་རྙེད་དཀའ་བར་བཤད་ཀྱང༌། ངས་གཏན་ནས་ཧམ་བཤད་བྱས་མེད་པར་རང་གིས་རང་ལ་ཡིད་ཆེས་བྱེད་ཆོག་སྙམ་གྱི་ཡོད། ཞི་བའི་འཐབ་རྩོད་འདིའི་དམིགས་འབྲས་གཙོ་བོ་ནི། ད་ལྟ་རྒྱ་ནག་སྲིད་གཞུང་གི་འོག་ལ་གནས་པའི་མི་རིགས་ཡོངས་ལ་རང་གི་སྐད་དང་ཡི་ གེ་ཆོས་གོས་སྲོལ་རྒྱུན་གྱི་གོམ་གཤིས་ཡོད་ཚད་མི་རིགས་སོ་སོ་ལ་རང་དབང་གི་སྒོ་ ནས་ལོངས་སྤྱོད་བྱེད་ཆོག་པའི་ཐོབ་ཐང་རེག་རྒྱུ་དང༌། རྒྱ་ནག་རྒྱལ་ཁབ་འདི་དུས་རབས་ཉེར་གཅིག་པའི་དཔལ་འབྱོར་གནས་ཚད་ཡར་རྒྱས་འགྲོ་བ་ དང་ལྷན་གཅིག་ཏུ་ཞི་བདེ་བརྟན་བརླིང་ཡོད་པའི་རྒྱལ་ཁབ་ཞིག་ཆགས་པར་ང་དང་བཅས་ པའི་འཛམ་གླིང་གི་སྐྱེ་བོ་དུང་ཕྱུར་མང་བོ་ཞིག་ལ་རེ་བ་ཆེན་པོ་ཡོད་པ་ལས། དུས་རབས་ཉེར་གཅིག་པའི་ནང་གི་ཆེས་ནག་ཉེས་ཆེ་བའི་རྒྱལ་ཁབ། མི་རིགས་འདྲ་མཉམ་གྱི་ཁེ་དབང་མེད་པ། འགྲོ་བ་མིའི་ཀུན་ཤེས་ལ་བརྩི་བཀུར་མེད་པ། རང་གི་མི་རིགས་ལས་མི་རིགས་གཞན་དག་ལ་གཉའ་གནོན་ཁོ་ན་བྱེད་མཁན་ཞིག་ཏུ་མི་ འགྱུར་ཆེད་ངས་རང་ཉིད་ཀྱི་ཚེ་སྲོག་བདེན་དཔང་དུ་བཞག་ནས་ཞི་བའི་འཐབ་རྩོད་ལ་ ཞུགས་པ་ཡིན། རྒྱ་ནག་རྒྱལ་ཁབ་འདི་ལ་ཞིབདེ་བརྟན་བརླིང་ཡོང་བར་ད་ལྟའི་ཆར་རེ་བ་ཧ་ཅང་ཆེན་པོ་ ཞིག་ཡོད་པ་དེ་ནི། ༧གོང་ས་མཆོག་རང་གི་འཁྲུངས་ཡུལ་གངས་རིའི་ལྗོངས་ལ་གདན་དྲངས་ཏེ། སྔར་བྱས་ལ་འགྱོད་བཤགས་དང་རྗེས་མར་གདུག་རྩུབ་གཉའ་གནོན་མི་བྱེད་པའི་དམ་འབུལ་ བྱེད་ཐུབ་སོང་ན། བོད་རྒྱ་མི་རིགས་ཀྱི་རྨ་ཁ་དེ་ནས་སོས་འགྲོ་བ་ཡིན་ལ། བོད་མི་རིགས་ཀྱི་རང་དབང་དང་ཞི་བདེའི་ཆེད་དུ་ཞིང་ལ་ཕེབས་པའི་རྣམ་ཤེས་ཁྲི་ སྟོང་མང་བོ་བདེ་བར་བཞུད་ངེས་ཡིན། གལ་སྲིད། རྒྱ་ནག་སྲིད་གཞུང་གིས་མུ་མཐུད་དུ་མིའི་རིགས་ཀྱི་བདེན་པ་རྒྱབ་ཏུ་བསྐྱུར་ནས། ཞི་བདེ་དང་རང་དབང༌། འདྲ་མཉམ་ཁེ་དབང་དང་འགལ་བའི་སྤྱོད་ངན་ལག་ལྟར་བྱས་པ་ཡིན་ན། ལོ་ངོ་ཉི་ཤུ་དང་སུམ་ཅུའི་རྗེས་སུ་མི་རིགས་ཁོ་ནའི་གནད་དོན་ཆེན་པོ་ཞིག་ཏུ་ འགྱུར་ངེས་པ་མ་ཟད། འཛམ་གླིང་ཕྱོགས་མཐའ་ཁག་ན་འཚོ་བའི་བོད་པ་རྣམས་ཀྱིས་འཁོན་འཛིན་དང་སྡང་སེམས་ ཀྱི་དུས་ཚོད་ཅིག་ཏན་ཏན་སླེབས་སྲིད་པ་ཡིན།

ལྔ། མི་ཉེས་མེད་ཆེས་མང་བོ་ཞིག་སྲིད་གཞུང་ངན་པ་ཞིག་གིས་བྱས་ཉེས་ཁོ་ནའི་ལོ་རྒྱུས་ ཀྱི་རང་བཞིན་ལྡན་པའི་མི་རིགས་ཆེ་ཆུང་གཉིས། བོད་དང་རྒྱ་ཡི་དྲག་སྤྱོད་ཀྱི་དུས་ཚོད་ཅིག་ཡོང་དུས། ཁྲག་དམར་པོའི་གཙང་བོ། རོ་མང་བོ་སྤུངས་པའི་ཐང་ཆེན་དུ་ཆགས་ཡུལ་ནི། གཞན་ལ་སྡང་སེམས་གཏན་བྲལ་ཡིན་པའི་བྱིས་པ་དམར་འབྱར་ནས་འགོ་བཙུགས་ཏེ། ཁོག་ན་ཇ་རྩམ་ལས་མེད་པའི་སང་འཆི་གནངས་འཆི་ངེས་མེད་ཀྱི་བོད་རྒྱ་མི་རིགས་གཉིས་ ཀྱི་འབངས་མི་དག་ཡིན། དེ་འདྲའི་དུས་ཚོད་ཅིག་འོང་བར་བདག་གིས་གཏན་ནས་མི་འདོད་པ་བཞིན། སྐྱེ་བོ་གཞན་དག་གི་རང་དབང་དང་ཞི་བདེ་ལ་བརྩི་བཀུར་བྱེད་པའི་མི་སུས་ཀྱང་གཏན་ནས་དེ་འདྲའི་དུས་ཚོད་འོང་བར་རེ་བ་བྱེད་ཀྱི་མེད་པ་ཡིན། བོད་ཀྱི་གཏམ་དཔེ་ལ་ཆུ་མ་འོང་གོང་གི་རགས་ཟེར་བ་ལྟར། དུས་ཚོད་དེ་འདྲ་ཞིག་མི་འོང་བར་བྱེད་པའི་འགན་བོད་རྒྱ་མི་རིགས་གཉིས་ཀ་ཡོད་པ་མ་ཟད། ནང་དགོས་སུ་དབུ་འཁྲིད་དང་སྙན་གྲགས་ཆེ་བའི་མི་སྣ་ཡོངས་ཀྱིས་ཁ་ཞེ་དོན་ལ་གནས་ པའི་ལས་ཤིག་བརྩོན་པ་དང་མི་མང་ལ་དངོས་ཤུགས་རྒྱུད་གསུམ་ནས་སྐུལ་ལྕགས་གཏོང་ ཐུབ་རྒྱུ་དེ་ཡིན། དངོས་ཐོག་བདེན་འཚོལ་ནི། མི་རྣམས་དགའ་བར་བྱེད་པའི་གཏམ་ཞིག་ཡིན་པ་ལྟར། ང་ཚོ་བོད་རྒྱ་མི་རིགས་གཉིས་ཀྱིས་ཀྱང་དངོས་ཐོག་བདེན་འཚོལ་བྱེད་པ་ལ་དཀའ་སྤྱད་ སྡུག་རུས་ལྷོད་མེད་ཀྱི་ངང་ནས་མིའི་རིགས་ཀྱི་འདྲ་མཉམ་འདུ་ཤེས་སྔར་ཡོད་ཡར་རྒྱས། མེད་པ་སླར་གསོའི་ཐོག་ནས་འགྲོ་བའི་ཀུན་སྤྱོད་ཀྱི་ལྟ་བ་རང་གི་ཚེ་སྲོག་དང་ཁེ་ དབང་ལས་ཀྱང་གལ་ཆེ་བ་ཤེས་དགོས་པར། ངས་ཞི་བའི་འཐབ་རྩོད་འདིའི་ཁྲོད་ནས་ཞུ་སྐུལ་ནན་པོ་བྱེད་ཀྱི་ཡོད།

དྲུག མི་མང་པོ་ཞིག་གིས་ང་རང་མི་ཕལ་བ་ཞིག་གིས་རླབས་ཆེ་བའི་མི་རིགས་གཉིས་ཀྱི་གནད་ དོན་ལ་འགྱུར་ཉེན་ཆེ་བའི་བྱ་བཞག་འདི་འགྲུབ་པར་བག་ཆགས་ཙམ་ཡང་འཇོག་ཐུབ་རྒྱུ་ ཕར་ཞོག ཐ་མ་དེར་ཁྱེད་རང་གང་ཞིག་ནས་དམར་གསོད་ཀྱང་ཐེབས་སྲིད་གསུང་བཞིན་ཡོད། ངས་དེ་ ལྟར་མི་བསམ། ང་རང་མི་ཕལ་བའི་ནང་གི་ཕལ་བ། སྤྱིར་བཏང་ནང་གི་སྤྱིར་བཏང༌། ཟ་བཏུང་སྤྱོད་གསུམ་ལས་དམིགས་སུ་བཀར་བའི་རྣམ་དཔྱོད། མི་རྣམས་དབང་དུ་བསྡུ་བའི་ནུས་པ་སོགས་མེད་པ་བདག་གིས་ཡིདཆེས་ཡོད། འོན་ཀྱང༌། སྟབས་མ་ལེགས་པར་ཞི་བའི་འཐབ་རྩོད་འདིའི་ཁྲོད་ནས་ཉེས་པ་མེད་པའི་མི་ཞིག་གིས་རང་གི་སྲིད་གཞུང་ངན་པའི་བྱས་ཉེས་དང་རང་གི་ནོར་འཁྲུལ་མ་ཤེས་པར་ང་རང་གསད་ ཀྱང༌། ངས་བྱེད་བཞིན་པའི་ཞི་བའི་འཐབ་རྩོད་ཁྲོད་ཀྱི་མི་རིགས་ཤིག་གི་བདེན་པའི་སྐད་སྐུར་ལ་གསོན་ཤུགས་ཆེར་འགྲོ་བ་ལས་ནམ་ཡང་ཤི་མི་སྲིད་པ་ཡིན་དུས། ང་རང་མི་ཕལ་བ་ཞིག་གི་ཚེ་སྲོག་ལ་སྣང་མེད་ཀྱིས་འཆི་ལམ་དུ་བསྐྱལ་ཡང༌། ང་ལ་གཏན་ནས་སྣང་འགྱོད་མེད་པ་མ་ཟད། ངས་ཉིན་མོ་དེར་རང་ཉིད་ཇི་སྲིད་བར་དུ་འགྲོ་བ་མིའི་རང་དབང་དང་ཞི་བདེའི་ཆེད་ དུ་སྐྱེ་བར་སྨོན་ལམ་རྒྱག་རྒྱུ་ཡིན། སྐད་ཆ་གཞན་དེ་ནི་ང་རང་མ་བསད་པར་བཙོན་ཁང་གང་རུང་ཞིག་ནས་ལོ་མང་རིང་བཅར་བརྡུང་ བསྐོར་གསུམ་གྱི་ཁྲོད་དུ་ཡ་ང་བའི་མི་ཡི་འཚོ་བ་ཞིག་གི་ནང་དུ་ལྷུང་སྲིད་པ་དེ་ རེད། དེ་ཉིན་ནས་ངས་ང་ལ་ཉེས་པ་གང་ཡང་མེད་པར་བཅར་བརྡུང་བྱེད་མཁན་གྱི་སྐྱེ་བོ་དེ་ དག་ལ་སྙིང་རྗེ་ཁོ་ན་བསྒོམ་པར་འབད་འབུངས་ཀྱིས་ཞོར་དུ། གོ་སྐབས་ཡོད་ཚད་ལ་མི་རིགས་ཀྱི་བདེན་པའི་སྐད་སྐུར་བཤད་ཐུབ་པར་མ་ཤི་བར་དུ་འབད་བརྩོན་བྱེད་པའི་གྲ་སྒྲིག་ཨང་གསར་ཡོད།

བདུན། ཞི་བའི་གོམ་བགྲོད་ནི་ཞི་བའི་འཐབ་རྩོད་འདིའི་ནང་གི་སྡེ་ཚན་གཅིག་ཡིན། ད་ལྟ་ཞི་བའི་གོམ་བགྲོད་ལ་བར་ཆད་ཐེངས་གཉིས་པ་བྱུང་ནས་ང་རང་བལ་ཡུལ་ལག་ཁྱེར་ ཞིབ་གཤེར་ཁང་གི་བཀག་བསྐྱེལ་ལ་བཅུགས་ནས་ཉིན་ལྔ་བ་འགྲོ་བཞིན་ཡོད། ཞི་བའི་གོམ་བགྲོད་ཀྱི་བར་ཆད་དང་པོ་དེ་ནི་དྲིན་ཆེན་བརྩེ་བའི་མ་དང་ནུ་མོ་བཅས་ མཉམ་དུ་བལ་ཡུལ་ས་ཐོག་འབྱོར་མ་ཐག སྤྱི་ཟླ་ལྔ་བའི་ཚེས་བཅུ་ཉིན་གྱི་མཚན་མོར་ཆར་དྲག་དང་རླུང་འཚུབ་ཁྲོད་ནས་ཆུ་ ཚོད་བཅུ་ཙམ་གྱི་ཟས་བཅད་ངོ་རྒོལ་རྗེས་སུ། བལ་དམག་གིས་བཙན་ཁྲིད་འོག ངེད་མ་སྨད་གཉིས་འདམ་ཆུ་རྩོག་པའི་ནང་དུ་ཡར་འདྲུད་མར་འདྲུད་མང་བོ་བྱས་མཐར། ང་རང་གི་མིག་གིས་རིག་ས་ནས་ཅུང་ཙམ་མིན་ན་དྲིན་ཆེན་མ་ལོ་བསད་སོང༌། རྒྱ་གར་དམག་མིས་སྲུང་སྐྱོབས་ཁྲོད་ངེད་མ་སྨད་གསུམ་རྒྱ་གར་མཐའ་སྲུང་དམག་སྒར་ དུ་ཁྱིད་འོང་ནས་ང་དང་མ་ལོ། ནུ་མོ་བཅས་ལ་ཆུ་ཚ་བོ་དང་ཇ་མངར་མོ་བཅས་སྤྲད། ཡ་ང་བའི་གནས་སྟངས་དེ་དག་མུ་མཐུད་དུ་རང་སྟེང་དུ་ལེན་པར་རང་ཉིད་ཀྱིས་སྔ་མོ་ ནས་བློས་གཏོང་ཡོད་ཚད་བྱས་ཡོད་པའི་སེམས་ལ་ངལ་བ་མེད་ཀྱང༌། དྲིན་མ་ལོའི་རྒས་གཉེར་གྱི་ངང་ཚུལ་དང་ནུ་མོ་སྐྲག་ནས་འདར་བའི་འཇིགས་སྔངས་ལ་བལྟས་ཏེ་འོང་དུས། ངས་ཁོང་གཉིས་ང་རང་གི་བསླེངས་པའི་ཞི་བའི་འཐབ་རྩོད་ཁྲོད་དུ་ཞུགས་ན། རང་གཞན་གཉིས་ལ་སྡུག་བསྔལ་ཡིན་པ་མ་ཟད། ངའི་ཞི་བའི་འཐབ་རྩོད་ཀྱི་གེགས་སུ་ མི་འགྱུར་བའི་ངེས་པ་མེད་སྟབས། ངས་ཁོང་གཉིས་བཞག་ནས་ཞི་བའི་གོམ་བགྲོད་མུ་མཐུད་བྱས་ཀྱང་ད་ལྟ་སླར་ཡང་དཀའ་ངལ་ ཁྲོད་དུ་ལྷུང་ཡོད། འདིའི་སྐབས་སུ་མི་ཆེས་མི་ཉུང་བ་ཞིག་ཐུག་འཕྲད་དུ་འོང་མཁན་དག་གིས་ང་རང་ཕྱིར་རང་ཡུལ་མ་ལོག་པར་བོད་ཀྱི་རྩ་དོན་ཆེད་དུ་ད་ལྟའི་བར་དུ་ཁྱེད་ཀྱིས་གང་བྱས་པ་ དེ་ཡིས་བོད་མི་དག་གིས་ཁྱེད་ཀྱི་ཆོད་སེམས་དང་སྙིང་སྟོབས་ཤེས་ཡོད་པ་རེད། ད་ལྟ་ཁྱེད་རང་གི་ཕྱིར་ནུར་བྱེད་ཐུབ་ན་བཟང་རབས་དང་ཁོང་ཚོས་རེ་སྐུལ་ཡང་ཡིག་ ངག་གཉིས་དང་ཁ་པར་སོགས་རྒྱུད་ལམ་ཡོད་ཚད་ནས་ང་ལ་ཞུ་བ་བྱེད་བཞིན་འདུག དངོས་ནས་བཤད་ན། འགྲོ་བ་མི་ཞིག་གིས་རང་གི་ཚེ་སྲོག་ལ་བརྩི་བཀུར་མི་བྱེད་པ་དེ་ལས་ནག་ཉེས་ཆེ་བ་གཞན་གང་ཡང་མེད་པར་བདག་གིས་ཡིད་ཆེས་བྱེད་ཀྱི་ཡོད། འོན་ཀྱང་རང་ཉིད་ཀྱི་ཚེ་སྲོག་སྲུང་བ་ཁོ་ནར་གཅེས་འཛིན་བྱེད་པ་དེ་ནི་གཏན་ནས་ མི་འོས་པ་དང་གཞན་གྱི་ཚེ་སྲོག་གི་རིན་ཐང་ཐོབ་ཆེད་དུ། རང་ཉིད་ཀྱི་ཚེ་སྲོག་གཏོང་འཕོད་པའི་སྤོབས་པ་འདི་ནི་ང་ལ་མཚོན་ན། མི་རུ་སྐྱེ་བའི་དགོས་དམིགས་འགྲུབ་པར་ཡིད་ཆེས་ཀྱིས་ཁེངས་ནས། ངས་ཁོང་ཚོས་ཞུ་བ་དེར་གཏན་ནས་དང་ལེན་བྱེད་ཐུབ་མེད་པ་མ་ཟད། ད་ལྟ་ང་རང་ཞི་བའི་འཐབ་རྩོད་བྱེད་སའི་ཡུལ་ངོ་མ་དེར་སླེབས་མེད། ངའི་ཞི་བའི་འཐབ་རྩོད་བྱེད་སའི་ཁོར་ཡུག་ནི་བོད་མི་རིགས་ཀྱི་རང་དབང་དང་ཞི་ བདེ་ལ་གཉའ་གནོན་མྱོང་བཞིན་པའི་རང་གི་ཕ་ཡུལ་བོད་དུ་ཡོད་པའི་རྒྱ་ནག་སྲིད་ གཞུང་ངན་པའི་གཡོ་འོག་ཏུ་ཚུད་པའི་མི་དེ་དག་ཡིན་པར་ཡིད་ཆེས་བྱེད་ཀྱི་ཡོད།

བརྒྱད། ཞི་བའི་འཐབ་རྩོད་འདི་བོད་རང་གི་ས་ཐོག་ནས་བྱེད་དགོས་དོན་ནི། བོད་མི་རིགས་ཀྱི་རང་དབང་དང་ཞི་བདེ་ལ་གཉའ་གནོན་བྱེད་མཁན་རྒྱ་ནག་སྲིད་གཞུང་ གི་ལས་ཀྱི་སྣེ་མོར་གཏོགས་པའི་མཐོ་དམན་ཡོད་ཚད་བོད་རང་གི་ས་ཐོག་ཏུ་བསྡད་ནས་ གདུག་རྩུབ་རང་བཞིན་གྱིས་རྣམ་པ་འབྱུང་ས་དེ་ནས་ཁོང་ཚོ་ལ་ཚེ་སྲོག་གིས་བདེན་ དཔང་བྱས་ཏེ། བོད་མི་རིགས་ཀྱི་བདེན་པའི་སྐད་ངོ་མ་གང་ཡིན་པ་ཤེས་སུ་འཇུག་ཆེད་དང༌། ཤེས་དགོས་མཁན་དེ་ཡང་ཁོང་ཚོ་ཡིན་པ་མ་ཟད། ཤེས་ནས་སྒྱུར་བཅོས་གཏོང་དགོས་མཁན་དེ་ཡང་ཁོང་ཚོ་ཆགས་ཡོད་པས་ཡིན། དེས་ན་ངའི་ཚེ་སྲོག་གཅིག་ལ་ཁོང་ཚོས་སྣང་མེད་བྱེད་སྲིད་ཀྱང༌། མི་རིགས་ཤིག་གི་བདེན་པའི་སྐད་སྐུར་ལ་ཁོང་ཚོས་མིག་མཐོང་ལག་ཟིན་གྱིས་སྣང་མེད་ བྱེད་ཐབས་བྲལ་ཡོད་པ་རེད། རྒྱུ་མཚན་ནི་རྒྱ་ནག་གི་མི་མང་གཙོ་བའི་འཛམ་གླིང་གི་སྐྱེ་བོ་དུང་ཕྱུར་མང་བོ་ བདེན་པ་ལ་དགའ་བའི་སེམས་གསོན་པོ་དེ་ད་ལྟ་གསོན་ཞིང་གནས་པས་ཡིན། ཞི་བའི་འཐབ་རྩོད་འདི་བྱེད་ཡུལ་ལ་དབང་སྒྱུར་བྱེད་མཁན་གྱི་མི་དེ་དག་ལ་ཡ་ང་ སྙིང་རྗེ་མེད་པ་ཤ་སྟག་རེད། དེ་ཡིན་དུས་ཁྱོད་རང་དེ་དག་གི་ལག་འོག་ཏུ་འགྲོ་བ་ནི་རང་ཉིད་འཆི་ལམ་དུ་འདེད་པ་ མ་ཡིན་ནམ་ཟེར་ནས་བཤད་ཀྱི་ཡོད་པ་རེད། ངས་རྒྱ་ནག་སྲིད་གཞུང་གི་བཀོད་མངགས་ཁྲོད་དུ་རང་དབང་ལག་ཏུ་མེད་པའི་དམག་མི་དང་ སྐྱེ་བོ་སུ་འདྲ་ཞིག་ཡིན་ཡང་འགྲོ་བ་མིའི་སེམས་བྱུང་ཡོད་པ་དང༌། དྲིན་ཆེན་མ་ཞིག་གི་བྱམས་བརྩེའི་འོག་ནས་འཚར་ལོངས་བྱུང་བའི་ང་ཚོ་དང་གཅིག་ མཚུངས་ཀྱི་མི་ཉེས་མེད་རྐྱང་རྐྱང་ཡིན་པར་ཡིད་ཆེས་བྱེད་ཀྱི་ཡོད་ལ། ཁོང་ཚོས་ཀྱང་རང་ཉིད་ལ་རང་དབང་ཞིག་ཐོབ་པར་རེ་བ་བྱེད་ཀྱི་ཡོད་པར་ངས་ཡིད་ཆེས་ བྱེད་ཀྱི་ཡིན། ངས་སྐད་ཆ་འདི་ལྟར་བཤད་དེ་འོང་དུས། ང་ནི་གླེན་ལྐུག་ཞིག་རེད་བསམ་སྲིད་ཀྱང༌། ང་ནི་དེ་འདྲ་ཞིག་གཏན་ནས་མིན་པར་ཁྱེད་ཅག་དང་འདྲ་བར་ཞི་བདེ་དང་རང་དབང་ལ་ཁ་ཞེ་གཉིས་མེད་ཀྱིས་དགའ་བ་མ་ཟད། ཞི་བདེ་དང་རང་དབང་གི་ཆེད་དུ་རྒྱུ་དངོས་སྤྱོད་གསུམ། འདོད་ཡོན། ཁྱིམ་དང་ཆུང་མ་བུ་ཕྲུག་བཅས་བློས་གཏོང་བར་འགྱོད་སེམས་གཏན་བྲལ་ཡིན་ཡང༌། སྙིང་ནས་བརྩེ་བའི་མཛའ་མོ་ཡལ་ལགས་དང་ཕ་ལོ་ཟེར་ནས་འབོད་ས་མེད་པའི་བུ་མོ་ཐར་ མཚོ་དང་བུ་ཆུང་ཁ་བའི་ལྷ་སྲས་གསུམ་ལ། འཇིག་རྟེན་ན་ཚེ་གྲོགས་བོར་བའི་སྡུག་བསྔལ་དང་འཇིག་རྟེན་ཕ་ལོ་ཟེར་བ་མིག་མཐོང་ ལག་ཟིན་མ་བྱུང་བའི་དཀའ་ངལ་དང༌། བྱམས་སྐྱོང་དང་དཔུང་རོགས་གང་ཡང་བྱེད་མ་ཐུབ་པ་དེར་སེམས་གཏིང་ནས་འགྱོད་བཤགས་ དང༌། ནམ་ཞིག་ཁྱེད་ཅག་མ་བུ་གསུམ་ནས་ང་ལ་གུ་ཡངས་ཐོབ་པར་རེ་བ་ཡོད་ལ། ངས་ཁྱེད་ཅག་གི་མི་ཚེ་ལ་འགྲོ་བ་གཞན་དག་ལྟར་འགྲོ་བ་མིའི་ཁེ་དབང་དང་ཞི་བདེ། རང་དབང་བཅས་ལ་བར་ཆད་མེད་པར་བདེ་སྐྱིད་ལྡན་པའི་ཁྱིམ་ཚང་ཞིག་ཏུ་འགྱུར་བར་སྨོན་ལམ་ཡོད།

དགུ། ཞི་བའི་འཐབ་རྩོད་འདིའི་ནང་གི་ཞི་བའི་བགྲོད་ཀྱི་སྐབས་སུ་ངས་སུས་ཀྱང་སྐུལ་ ལྕགས་དང་གནོན་ཤུགས་མེད་པར་རང་ངོས་ནས་རྒྱལ་ཁབ་བཞིའི་རྒྱལ་དར་ཁུར་ནས་གོམ་ བགྲོད་བྱེད་སྐབས་སུ། སྤུན་ཟླ་ཆེས་མི་ཉུང་བ་ཞིག་གི་སེམས་ལ་མ་ཤོང་བའི་དཀའ་ངལ་གྱིས་རྒྱ་དར་ཁུར་བ་ དེར་ངོ་རྒོལ་གྱི་རྣམ་པ་ཤུགས་ཆེར་བསྟན་ཡོད་པ་ཁོང་ཅག་ལའང༌། རིགས་ཀྱི་ཁྲག་རྩ་འཕར་བའི་ན་ཟུག་ལྕི་མོ་ཡོད་པ་བདག་གིས་གསལ་བོ་ཤེས་ཀྱི་ཡོད་ལ། ཁྱེད་ཅག་གི་ཐུགས་བློ་དང་གཏན་འགལ་དུ་སོང་ནས་སེམས་ལ་ན་ཚ་འདྲ་བཟོས་ཡོད་པའི་ རིགས་ལ། རིགས་ཀྱི་ལར་ཞེན་གྱི་འགན་འཁྲིའི་འོག་ནས་ངས་ཁྱེད་ཅག་ལ་དགོངས་དག་ཞུ་འོས་ནའང༌། ང་ཚོས་འཚེ་མེད་ཞི་བ་དང་ངའི་ཞི་བའི་འཐབ་རྩོད། བོད་མི་མང་གི་མངོན་འདོད་ཆེ་ཤོས་༧གོང་ས་རྒྱལ་བའི་དབང་བོ་མཆོག་གིས་བསྟན་གནང་ བའི་ལམ་དབུ་མ་བཅས་ཀྱི་དགོངས་དོན་མཐར་ཐུག་ནི་རང་རྒྱལ་གཞན་ཕམ་གྱི་འཐབ་རྩོད་ དེ་མིན་དུས། ངས་ཞི་འགྲིག་གི་འཆར་གཞི་ལག་ལེན་དངོས་སུ་སྤྱར་བ་དེ་ལའང་ཞིབ་མོ་བློ་ཡིས་བཅད་ དེ་ཤོག་དང༌། ངས་མིའི་རིགས་ཀྱི་བདག་དབང༌། བོད་མི་རིགས་ཀྱི་ཞི་བདེ་དང་རང་དབང༌། ༧གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་བར་འབད་བརྩོན་བྱེད་བཞིན་པ་བཅས་ལ་ངས་རྒྱབ་ འགལ་བྱས་མེད་པར་ཡིད་ཆེས་བྱེད་ཀྱི་ཡིན། གནམ་འོག་གི་སྐྱེ་བོ་ཚང་མར་རང་རང་གི་བདག་དབང་ལོངས་སུ་སྤྱོད་ཆོག་པའི་དབང་ཚད་ དེ་ཉིད་མི་ཀུན་ལ་ཡོད་པ་བོད་མི་རྣམས་ཀྱིས་ཀྱང་ཁས་ལེན་གནང་གི་ཡོད་ན། ད་ལྟ་ནི་ང་ཚོ་ལྷན་སྐྱེས་ཀྱི་བདེན་པའི་སྟོབས་ལ་འཇུས་ཏེ། བོད་མི་རིགས་འདི་ཉིད་སྡུག་བསྔལ་ལས་སྐྱོབ་པའི་འགན་འཁྲི་དེ་ནི་བོད་མི་རེ་རེ་ ངོས་ནས་ཕྲག་པར་ལེན་པའི་དུས་ཚོད་ཡིན་པ་ངེས་ཤེས་རྙེད་ནས་རང་ཉིད་ཀྱི་ཞི་བའི་ འཐབ་རྩོད་ཁྲོད་དུ། རང་ཉིད་ལ་དབང་བའི་ལུས་ངག་ཡིད་གསུམ་བདེན་པ་ལས་རྒྱལ་བར་ཡིད་ཆེས་ཀྱི་ཁེངས་ཞོར་ དུ་འབུལ་བཞིན་ཡོད། དཀའ་ཚེགས་ཆེ་བའི་ལོ་ཟླ་གང་ལ་ཐུག་ཀྱང་རང་ཉིད་ཕྱི་ནུར་མི་བྱེད་པར་རང་གི་སེམས་ སུ་དམ་བཅའ་བཞག་ཡོད་པ་འདིས། ད་ལྟའི་བར་དུ་ང་ལ་ལུས་ཕྱི་ནང་གང་ལ་ཡང་དཀའ་ངལ་འཕྲད་མེད་ཅེས་བཤད་ཆོག་གི་ཡོད།

བཅུ། ཚང་མས་གཏན་བརྗེད་མི་རུང་བ་ཞིག་ལ། འདི་ནི་བོད་མི་དཀྱུས་མ་ཞིག་གིས་རང་གི་མི་རིགས་ཀྱི་ཞི་བདེ་དང་རང་དབང་ཆེད་དུ་ ཡོད་ཚད་བློས་བཏང་བའི་ཞི་བའི་འཐབ་རྩོད་ཞིག་ཡིན་པ་ལས། སྙན་གྲགས་ལ་བརྩོན་པ་དང། འཛམ་གླིང་གི་གོ་ས་གང་རུང་ཞིག་ཐོབ་པར་དམིགས་ཏེ་བྲིས་པའི་ལས་འཆར་དང་འཛམ་གླིང་ གི་ཞི་བདེ་བརྟན་བརླིང་ལ་འགན་མི་ཁུར་བའི་སྲིད་གཞུང་དག་གི་ཤོག་སྐམ་སྟེང་གི་ གྲོས་ཆོད་སྐམ་པོ་ཞིག་མིན་པ་སེམས་སུ་བཟུང་དེ། བདེན་དོན་ལ་དགའ་བའི་སྤྱི་སྒེར་སུས་ཀྱང་བོད་མི་རིགས་ཀྱི་རང་དབང་དང་ཞི་བདེ་ གཙོ་བའི་འཛམ་གླིང་གི་ཉམ་ཐག་མི་རིགས་སུའི་རང་དབང་དང་ཞི་བདེ་ལ་སྲིད་གཞུང་ངན་ པ་སུ་ཞིག་གིས་གཏོར་རྒོལ་བྱེད་ཀྱི་ཡོད་པ་མཐོང་ཐོས་གང་བྱུང་བ་དེ་ཡི་ཚེ་རོགས་ སྐུལ་ཡོང་བར་བྲིས་པའི་ཞི་བའི་འཐབ་རྩོད་པ་ཉམ་ཆུང་བོད་མི་དཀྱུས་མ་ཞིག་གིས་ས་ སྒང་འདི་ལ་བཞག་པའི་ཡི་གེ་ཞིག་ལས་གཞན་གང་ཡང་མིན་པ་ཐུགས་འཇགས་འཚལ། གླིང་ཚ་ཚེ་བརྟན་རྡོ་རྗེ་ནས་༢༠༡༢ ༥ ༢༧ ཉིན་བལ་ཡུལ་བཀག་བསྐྱིལ་ཁང་ནས།

ང་རང་ཆེས་སྐྲག་ས་ནི་འཆི་བ་གཏན་ནས་མ་ཡིན་པར། མིའི་གཡོ་སྒྱུ་དང་དྲང་བདེན་མེད་པའི་སྤྱི་ཚོགས་ཀྱི་ཁོར་ཡུག་ལ་སེམས་གཏིང་ནས་ཡིད་སྐྱོ་བ་དེ་ཡིན།

Share this:
༩༨ ཀློག་གྲངས།