ཟུར་སྦྱོང་བོད་ཡིག་འཛིན་གྲྭ་འདིའི་ཕན་ཐོགས་འདུག

tibetan_belkobརྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ལུགས་བསམ་མཉམ་འབྲེལ་དང་། དབུས་གངས་ལྗོངས་རང་བདེན་རྩོད་ལན་མཐུན་ཚོགས་གཉིས་ཀྱིས་ས་གནས་ཉིན་མོའི་སློབ་གྲྭ་ཁག་གི་གུང་སེང་དང་སྟབས་བསྟུན་བོད་ཡིག་རང་སྦྱོང་འཛིན་གྲྭ་རེ་གོ་སྒྲིག་བྱས་འདུག

དེ་ཡང་ཕྱི་ཟླ་༥ ཚེས་ ༣༠ ཉིན་འཛིན་གྲྭ་དེའི་སྐོར་ལུགས་བསམ་མཉམ་འབྲེལ་ཚོགས་གཞོན་སྦྱིན་པས་བརྗོད་དོན། ཕྱི་ཟླ་༥ པའི་ཚེས་༧ ནས་ཟླ་༦ པའི་ཚེས་༧ བར་གྱི་ཉིན་རེའི་ཞོགས་པར་ལུགས་བསམ་མཉམ་འབྲེལ་གྱི་གོ་སྒྲིག་འོག

tibetan_belkob

བོད་ཡིག་རང་སྦྱོང་གི་འཛིན་གྲྭ་འཚོག་བཞིན་ཡོད་པ་དང་། ཉིན་རྒྱབ་གངས་ལྗོངས་རིང་བདེན་རྩོད་ལེན་མཐུན་ཚོགས་ཀྱི་གོ་སྒྲིག་བྱས་ནས་འཛིན་གྲྭ་འཚོག་བཞིན་འདུག ང་ཚོ་མཉམ་འབྲེལ་གྱིས་རྒྱུན་ལས་ཚོགས་འདུའི་ཐག་གཅོད་བྱས་པ་བཞིན་ས་གནས་ཀྱི་ཉིན་མོའི་སློབ་གྲྭའི་གུང་སེང་དང་བསྟུན་ནས་སློབ་མའི་དུས་ཚོད་ཆུད་ཟོས་སུ་མི་འགྲོ་བ་དང་། བོད་ཡིག་ཡར་རྒྱས་ཡོང་ཐབས་སུ་དམིགས་ནས་བོད་ཡིག་རང་སྦྱོང་འཛིན་གྲྭ་འདི་བཙུགས་པ་ཡིན། འདི་ལ་ཕ་མ་བོད་ཡིག་ལ་དོ་སྣང་ཡོད་མཁན་གྱི་བུ་ཕྲུག་དང་སློབ་ཕྲུག་བོད་ཀྱི་སྐད་ཡིག་ལ་དོ་སྣང་ཡོད་མཁན་ཚོ་ཡོང་གི་འདུག སློབ་ཕྲུག་ཉུང་མཐའ་ ༦༠ ནས་མང་མཐའ་ ༨༠ ཡོང་གི་འདུག་ལ། མང་ཆེ་བས་དོ་སྣང་ཡང་ཆེད་པོ་བྱེད་ཀྱི་འདུག འཛིན་གྲྭའི་འགྲོ་སོང་མཉམ་འབྲེལ་ཚོགས་གཙོ་པདྨ་བདེ་ལེགས་ཀྱིས་གཏོང་གི་ཡོད་པ་རེད། ཅེས་བརྗོད་སོང་།

དེ་བཞིན་གང་ལྗོངས་རང་བདེན་གྱི་ཚོགས་གཙོ་གྲྭ་ཚེ་དབང་ལགས་ཀྱིས་བརྗོད་དོན། ང་ཚོས་ལོ་གཉིས་གསུམ་གྱི་སྔོན་ནས་བོད་ཡིག་རང་སྦྱོང་འདི་འགོ་འཛུག་བྱས་པ་ཡིན། སློབ་མའི་ཕ་མ་དང་། སློབ་ཕྲུག་ཁོ་རང་ཚོས་ཡག་པོ་འདུག ཕན་ཐོགས་ཀྱི་འདུག་ཟེར། འཛིན་གྲྭའི་དམིགས་ཡུལ་དེ་གཙོ་བོ་སློབ་མའི་བོད་ཡིག་གི་ཤེས་ཚད་ཡར་རྒྱས་གཏོང་བ་དང་། སློབ་མའི་ཀུན་སྤྱོད་ཡར་རྒྱས་གཏོང་བ་བཅས་ལ་དམིགས་ཡོད། མ་འོངས་པར་ཡང་གང་ཐུབ་ཐུབ་ཀྱིས་ལོ་ལྟར་འཛིན་གྲྭ་འདི་འཚོག་ཐུབ་ན་བསམ་གྱི་ཡོད་ཅེས་བརྗོད་སོང་།

ལོ་སྔོན་མར་ས་གནས་ཉིན་མོའི་སློབ་ཕྲུག་འཛིན་རིམ་ ༡༡ དང་ ༡༢ ཀྱི་སློབ་ཕྲུག་ནང་བོད་ཡིག་ཐོག་རང་གི་མིང་ཙམ་ཡང་ཡག་པོ་འབྲི་མི་ཤེས་མཁན་བྱུང་ཡོད་ན་ཡང་། འདི་ལོར་དེ་ལྟ་བུའི་བོད་ཡིག་སྐྱོ་པོ་མེད་པ་ནི་ས་གནས་གྱི་མི་སྣ་རེ་ཟུང་གིས་འགན་ཁུར་འོག བོད་ཡིག་རང་སྦྱོང་འཛིན་གྲྭའི་གོ་སྐབས་བསྐྲུན་པ་ལ་བརྟེན་ནས་བྱུང་བར་ངོས་འཛིན་བྱེད་མཁན་ཡང་ཡོད་པ་རེད།།
མེ་སོར་གསར་འགོད་པས།

Share this:
༡༥༧ ཀློག་གྲངས།