ཆོས་བརྡ་གསལ་བསྒྲགས།

choda seldrag1

༄༅། །ལྷར་བཅས་སྲིད་ཞིའི་གཙུག་རྒྱན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དད་དམ་གཡོ་བ་མེད་པའི་ཐོག་རིས་སུ་མ་མཆིས་པའི་ཆོས་ཞུ་བ་སེར་སྐྱ་ཡོངས་ཀྱི་སྙན་ལམ་དུ།

ཆེད་དོན། དེ་ཡང་བསྟན་པ་འདི་ལ་སྟོན་པ་གཉིས་པའི་མཛད་པ་བདག་གིར་བཞེས་པ།

འཇིག་རྟེན་ཡོངས་ཀྱི་མང་བཀུར་བའི་སློབ་དཔོན་ཆེན་པོ།  ལྷར་བཅས་སྲིད་ཞིའི་གཙུག་རྒྱན་༸གོང་ས་ལྷ་མིའི་རྣམ་འདྲེན་༸སྐྱབས་མགོན་༸རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་༸རྗེ་བཙུན་འཇམ་དཔལ་ངག་དབང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་སྲིད་གསུམ་དབང་བསྒྱུར་མཚུངས་པ་མེད་པའི་སྡེ་དཔལ་བཟང་པོ་མཆོག་ལ། ༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ནས་ཕྱི་ལོ་༢༠༠༢ ནས་སྔ་རྗེས་སུ་ལམ་རིམ་ཁྲིད་ཆེན་བརྒྱད་ཀྱི་བཀའ་ཁྲིད་སྐྱབས་འཇུག་ཡོང་བ་ཞེས་ཇི་ལྟར་གསོལ་འདེབས་ཞུ་དོན་བཞིན།

འདི་ལོ་དགུང་གསར་མཇལ་བཅར་སྐབས་སོགས་སྔ་ཕྱིར་བཀའ་ཕེབས་སུ། ལམ་རིམ་ཁྲིད་ཆེན་བརྒྱད་ཀྱི་ཐོག་ཞྭ་དམར་ལམ་རིམ་དང་ལམ་རིམ་རྣམ་གྲོལ་ལག་བཅངས་སོགས་གཤམ་གསལ་ཁྲིད་ཆེན་ཁག་གནང་རྒྱུ་དང་། སྦྱིན་བདག་ཀྱང་གཙོ་བོ་འདི་ག་བླ་བྲང་ནས་ཞུ་དགོས་པ་བཅས་ཀྱི་བཀའ་བཞེས་ཟབ་མོ་སྤྱི་བོར་སྨིན་པ་བཞིན།  ཁམས་གསུམ་ཆོས་ཀྱི་རྒྱལ་པོ་རྗེ་ཙོང་ཁ་པ་ཆེན་པོས་འབྲོག་རི་བོ་ཆེ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་བྱང་ཆུབ་ལམ་རིམ་ཆེན་མོའི་བཀའ་ཁྲིད་བསྐྱངས་ཏེ་ལོ་ངོ་དྲུག་བརྒྱ་ཧྲིལ་པོ་འཁོར་བའི་དུས་བཟང་ཁྱད་པར་ཅན་དང་འབྲེལ་ནས་ཕྱི་ལོ་༢༠༡༢ ལོའི་ཕྱི་ཟླ་༡༡ ཚེས་༢༩ ཉིན་རྒྱ་གར་ལྷོ་ཕྱོགས་མོན་གྷོར་ཆིབས་བསྒྱུར་བཀྲིན་བསྐྱངས་ཏེ། ཕྱི་ཉིན་ནས་གདན་ས་ཆེན་པོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དང་དཔལ་ལྡན་འབྲས་དཀར་སྤུངས་པའི་ཆོས་སྡེ་གཉིས་སུ་སྔ་ཕྱིར་བཀའ་ཆོས་ཉིན་གྲངས་བཅུ་ནས་བཅོ་ལྔ་བར་སྐབས་བསྟུན་གྱིས་བསྩལ་རྒྱུ་དང་། ལྷག་འཕྲོས་རྗེས་ལོར་རྒྱ་གར་ལྷོ་ཕྱོགས་བྷེལ་ཀོབ་སེ་ར་ཐེག་ཆེན་གླིང་དུ་གནང་རྒྱུ་བཅས་ཐུགས་གཏན་འཁེལ་ཞིང་། དེ་འབྲེལ་གསུང་ཆོས་ཀྱི་ཕྱག་དཔེ་རྣམས་ཀྱི་མཚན་གཞུང་གཤམ་གསལ།

༡༽བྱང་ཆུབ་ལམ་རིམ་ཆེན་མོ། ༢༽ལམ་རིམ་འབྲིང་པོ།    ༣༽ ལམ་རིམ་ཉམས་འགུར།       ༤༽ལམ་རིམ་གསེར་ཞུན་མ།
༥༽ལམ་རིམ་བདེ་ལམ། ༦༽ ལམ་རིམ་འཇམ་དཔལ་ཞལ་ལུང།  ༧༽ ལམ་རིམ་མྱུར་ལམ། ༨༽ ལམ་རིམ་ལེགས་གསུང་ཉིང་ཁུ།
༼འདི་ཡན་ལམ་རིམ་འཁྲིད་ཆེན་བརྒྱད་ཡིན།༽
༩༽བྱང་ཆུབ་ལམ་གྱི་སྒྲོན་མ། ༡༠༽ ལམ་གཙོ་རྣམ་གསུམ། ༡༡༽ ཡོན་ཏན་གཞིར་གྱུར་མ།  ༡༢༽ རྟོགས་བརྗོད་མདུན་ལེགས་མ། ༡༣༽ ལྷོ་བརྒྱུད་ལམ་རིམ། ༡༤༽ ལམ་རིམ་བདུད་རྩི་སྙིང་པོ། ༡༥༽ ཞྭ་དམར་ལམ་རིམ།  ༡༦༽ ལྷག་མཐོང་དཀའ་འགྲེལ། ༡༧༽ རྣམ་གྲོལ་ལག་བཅངས། ༡༨༽ལམ་རིམ་འབྲིང་པོའི་ས་བཅད་བཅས་ཁྲིད་ཆེན་བཅོ་བརྒྱད་ཀྱི་ཕྱག་དཔེ་རྣམས་བླ་བྲང་ནས་དཔར་རྩ་དག་བསྒྲིགས་ཀྱིས་དཔར་བསྐྲུན་འགྲེམས་སྤེལ་ཞུ་རྒྱུ་ལགས་ན་དེ་དོན་དགོངས་པར་མངའ་བ་ཞུ།
ཡོངས་འཛིན་གླིང་ཚང་བླ་བྲང་གི་གསུང་ཆོས་གོ་སྒྲིག་ཚོགས་ཆུང་ནས་ཕྱི་ལོ་༢༠༡༢ ཟླ་༥ ཚེས་༢༥ བཟང་པོར་སྤེལ།
www.jangchuplamrim.com/www.jangchuplamrim.org

Share this:
༡༧༤ ཀློག་གྲངས།