ནང་ཆོས་ངོ་སྤྲོད་དབུ་འཛུགས་གནང་སོང་།

2012_6_1_Dalai_lama_at_tcv

དེ་རིང་༧གོང་ས་མཆོག་གིས་མཐོ་སློབ་ཁག་གི་སློབ་ཕྲུག་ཚོ་གཙོས་བོད་རིགས་གཞོན་སྐྱེས་ཚོར་ནང་ཆོས་ངོ་སྤྲོད་དབུ་འཛུགས་གནང་བ་དང་། ཐེངས་འདིར་མཐོ་སློབ་ཁག་མི་འདྲ་བ་༨༢ དང་། རྒྱལ་ཁབ་ཁག་མི་འདྲ་བ་༧ ནས་སློབ་ཕྲུག་གཙོས་པའི་མི་གྲངས་༣༠༠༠ བརྒལ་བ་མཉམ་འཛོམས་བྱས་འདུག

  

དེ་ཡང་ངྷ་ས་ནང་ཆོས་གོ་སྒྲིག་ཚོགས་ཆུང་གི་གོ་སྒྲིག་འོག ༧གོང་ས་མཆོག་གིས་ལོ་རྟག་པར་མཐོ་སློབ་ཁག་གི་སློབ་ཕྲུག་ཚོ་གཙོས་བོད་རིགས་གཞོན་སྐྱེས་ཚོར་ནང་ཆོས་ངོ་སྤྲོད་གནང་གི་ཡོད་པ་ལྟར། འདི་ལོར་ཡང་ཟླ་འདིའི་ཕྱི་ཚེས་༡ ཉིན་གྱི་ཞོགས་པའི་ཆུ་ཚོད་༨། ༣༠ ཀྱི་སྟེང་། ངྷ་སྟེང་བོད་ཁྱིམ་སློབ་གྲའི་ཚོགས་ཁང་དུ། མཐོ་སློབ་ཁག་མི་འདྲ་བ་ཁག་༨༢ ནས་བཅར་བའི་སློབ་མ་ཚོ་གཙོས་ངྷ་སའི་ཉེ་འཁོར་གྱི་འབྲིང་རིམ་སློབ་གྲྭ་ཁག་གི་སློབ་མ་ཚོ་དང་། གཞན་ཡང་རྒྱལ་ཁབ་ཁག་མི་འདྲ་བ་༧ ནས་བཅར་བའི་སློབ་ཕྲུག་གཙོས་པའི་མི་གྲངས་༣༠༠༠ བརྒལ་བར་ནང་ཆོས་ངོ་སྤྲོད་དབུ་འཛུགས་གནང་སོང་ལ། ༧གོང་ས་མཆོག་གིས་ནང་ཆོས་ངོ་སྤྲོད་དབུ་འཛུགས་མ་གནང་བའི་སྔོན་དུ། ལོ་༣ གྱི་སྔོན་མ་ནས་བྱས་སྲོལ་ཡོད་པ་ལྟར་འདི་ལོར་ཡང་ཕོ་མོ་ཁག་ཅིག་གིས་སྒྲ་མི་རྟག་པར་བསྒྲུབས་ཏེ་རྟགས་བསལ་ཡང་བཏང་སོང་།

2012_6_1__tcvལོ་འདིའི་ནང་ཆོས་ངོ་སྤྲོད་ཐོག་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་<<རྟེན་འབྲེལ་བསྟོད་པ>>དང༌།དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་<<སྐྱེ་བོ་གསོ་ཐིགས་>>། འཇམ་དཔལ་དབྱངས་ཀྱི་རྗེས་གནང་བཅས་ཉིན་གསུམ་གྱི་རིང་བཀའ་ཁྲིད་གནང་རྒྱུ་ཡིན་རེད་འདུག

ཐེངས་འདིའི་ནང་ཆོས་ངོ་སྤྲོད་ཀྱི་ཐོག་མར་གོང་ས་མཆོག་གིས་སློབ་མ་ཚོས་སློབ་སྦྱོང་གི་ཐོག་ལ་ཤུགས་རྒྱག་དགོས་སྐོར་གསུང་དོན། “འཛམ་གླིང་གི་མི་རིགས་གང་ཡིན་ན་ཡང་དེར་འཚོ་བའི་མིའི་ཤེས་བྱ་ཡོན་ཏན་ཡར་རྒྱས་སོང་བ་དེའི་ཚོད་ཀྱིས་ལུང་པ་ཡར་རྒྱས་འགྲོ་ཡི་ཡོད་པ་གསལ་པོ་རེད། དེར་བརྟེན། ང་རང་ཚོ་འདིར་རྒྱ་གར་དུ་སླེབས་ནས་ཐེངས་དང་པོར་སློབ་གྲྭ་བཛུགས་རྒྱུའི་སྒང་ལ་ཤུགས་བརྒྱབ་ཡོད་པ་ཚང་མས་ཤེས་ཀྱི་ཡོད་རེད། ཐོག་མའི་རེ་བ་ལྟར་དམིགས་ཡུལ་ཆ་ཚང་བ་ཞིག་འགྲུབ་རྒྱུ་ཁག་པོ་རེད། ཡིན་ན་ཡང་གང་འཚམས་ཀྱིས་གྲུབ་འབྲས་ཐོན་ཡོད་པ་གསལ་པོ་ཞེ་དྲག་རེད། སོང་ཙང་ཁྱེད་རང་ཚོ་མི་རབས་གསར་པ་ཆགས་ཡོད་རེད། གོང་དུ་བཤད་པ་ལྟར་འཛམ་གླིང་གི་ཡར་ཐོན་རྒྱལ་ཁབ་ཚང་མ་ཡར་རྒྱས་འགྲོ་བའི་ནུས་པ་དེ་མི་སྒེར་སོ་སོའི་ནུས་པ་ཐོན་དགོས་ཀྱི་ཡོད་རེད། དེ་ཡང་མི་སྒེར་སོ་སོ་ལ་བསམ་བློ་དང་དམིགས་ཡུལ་ངེས་ཅན་ཞིག་དགོས་ཀྱི་ཡོད་རེད་ལ། དེ་དག་སྒྲུབ་ཐབས་ཡང་མ་ནོར་བར་ཤེས་དགོས་ཀྱི་ཡོད་རེད། གནས་སྟངས་དེ་འདྲ་ཞིག་གི་འོག་ནས་ལུང་པ་ཡར་རྒྱས་འགྲོ་ཡི་ཡོད་རེད། དེར་བརྟེན། ཁྱེད་རང་ཚོ་མི་རབས་གསར་པ་ཚོས་ཤེས་ཡོན་གྱི་སྒང་ལ་ཤུགས་རྒྱག་དགོས་ཀྱི་ཡོད་རེད་”ཅེས་དང་།

ཡང་ཁོང་གིས་ཆོས་ལུགས་ཀྱི་ལྟ་གྲུབ་དང་འབྲེལ་བའི་ཐད་ནས་བརྗོད་དོན། “སངས་རྒྱས་བཅོམ་ལྡན་འདས་ཀྱིས་རྒྱ་གར་དུ་ཆོས་འཁོར་བསྐོར་ནས་ལོ་༢༥༠༠ ལྷག་འགྲོ་ཡི་ཡོད་རེད། དུས་ཡུན་དེ་དག་གི་རིང་འཛམ་གླིང་དུ་ལྟ་གྲུབ་མི་འདྲ་བ་མང་པོ་ཞིག་བྱུང་ཡོད་པའི་ནང་ནས་ལྟ་གྲུབ་ཟབ་ཤོས་དེ་ཕལ་ཆེར་སངས་རྒྱས་པའི་ཆོས་ཆགས་ཡོད་རེད། དེ་ཡང་ང་རང་སངས་རྒྱས་པའི་ཆོས་པ་ཞིག་ཡིན་པའི་ངོས་ནས་་ང་རང་ལ་ཡག་ཤོས་ཡིན་ཟེར་གྱི་མེད། བློ་གཟུ་བོར་གནས་པ་མང་པོ་ཞིག་གིས་སངས་རྒྱས་པའི་ཆོས་ཀྱི་ལྟ་གྲུབ་དེ་ཟབ་ཤོས་ཡིན་པ་མཐོང་གི་ཡོད་རེད། དཔེར་ན་དེང་སང་ཚན་རིག་མཁས་པ་མང་པོ་ཞིག་གིས་སངས་རྒྱས་པའི་ཆོས་ལ་ཆ་འཇོག་བྱེད་ཀྱི་ཡོད་རེད”། ཅེས་རྩ་བའི་སངས་རྒྱས་པའི་ཆོས་ཀྱི་ལྟ་གྲུབ་ཡར་རྒྱས་འགྲོ་རྐྱེན་གཅིག་དེ་མུ་སྟུག་པ་ཚོ་དང་མཉམ་དུ་རྩོད་པ་བརྒྱབ་ནས་བྱུང་པ་ཡིན་སྐོར་དང་། བོད་ལ་ཆ་བཞག་ནའང་སངས་རྒྱས་ཀྱི་ཆོས་རྣམ་དག་བྱེད་མཁན་དཀོན་པོ་ཆགས་ཡོད་པ་དང་། ཆོས་བྱེད་མཁན་ཚོའི་ངོས་ནས་ངེས་པར་ཏུ་ཆོས་ཀྱི་སྙིང་པོ་ཤེས་པའི་ཐོག་ནས་ཆོས་བྱེད་དགོས་སྐོར་སོགས་གསུངས་སོང་།

ངྷ་ས་ནང་ཆོས་གོ་སྒྲིག་ཚོགས་ཆུང་གི་གོ་སྒྲིག་འོག ༧གོང་ས་མཆོག་གིས་མཐོ་སློབ་ཁག་གི་སློབ་ཕྲུག་ཚོ་གཙོས་པའི་བོད་རིགས་གཞོན་སྐྱེས་ཚོར་ནང་ཆོས་ངོ་སྤྲོད་བྱས་ནས་ད་ལོར་ཐེངས་༦ པ་ཆགས་ཡོད་པ་དང་། དེ་བཞིན་རྒྱ་གར་ནང་པའི་དོན་གཉེར་བ་ཚོས་རེ་བསྐུལ་བྱས་པ་ལྟར། ཟླ་འདིའི་ཚེས་ ༧ ནས་འགོ་འཛུགས་ཀྱིས་ཉིན་གསུམ་གྱི་རིང་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ༧་གོང་ས་མཆོག་གིས་རྒྱ་གར་གྱི་ས་གནས་འདྲ་མིན་ནས་བཅར་བའི་ནང་པ་ཚོར་ནང་ཆོས་ངོ་སྤྲོད་གནང་རྒྱུ་རེད་འདུག

Share this:
༢༢ ཀློག་གྲངས།