དྷ་ས་ནོར་གླིང་དུ་མཆོད་འབུལ་སྨོན་ལམ།

དྷ་ས་ནོར་གླིང་ཉེ་འགྲམ་གྱི་སེར་སྐྱ་མི་མང་༧༠༠ ལྷག་འཆི་མེད་དགའ་ཚལ་གླིང་དགོན་པར་མཉམ་དུ་འཛོམས་ནས། བོད་བསྟན་སྲིད་མི་རིགས་དང་བཅས་པའི་ཆེད་སྐུ་ལུས་མཆོད་མེར་སྒྲོན་མཁན་རྣམས་ཀྱི་ཆེད་དུ། ཚོགས་མཆོད་སྨོན་ལམ་གཟབ་རྒྱས་ཞིག་འཚོགས་ཡོད་པ་རེད།

norlang_4_5_2012ཟླ་འདིའི་ཕྱི་ཚེས་༤ དང་། ས་ག་ཟླ་བའི་ཚེས་༡༥ ཉིན་ཏེ་དུས་ཆེན་སུམ་འཛོམས་ཀྱི་ཉིན་མོ་ཡིན་པ་ལྟར། དྷ་ས་ནོར་གླིང་ས་གནས་སྲིད་ཞུ་དང་བླངས་རུ་ཁག་གི་གོ་སྒྲིག་འོག  ཚོགས་མཆོད་སྨོན་ལམ་གཟབ་རྒྱས་ཞིག་འཚོགས་པ་དང། ཚོགས་མགོན་དུ་དབུས་བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་སྐུ་ཚབ་བཀའ་དྲུང་གཡུ་ཐོགས་ཀརྨ་དགེ་ལེགས་དང་། སྤྱི་འཐུས་རྒྱུན་ལས་སྐུ་ཚབ་སྤྱི་འཐུས་ག་ཟི་ཚེ་རིང་པོ། དེ་བཞིན་དབུས་གཞོན་ནུའི་དྲུང་ཆེ་སྐལ་བཟང་ཆོས་སྐྱིད་སོགས་ཕེབས་ཡོད་པ་རེད།
དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་དང། འཆི་མེད་དགའ་ཚལ་གླིང་དགོན་པ། སྒྲོལ་མ་གླིང་རིག་ལམ་སློབ་གཉེར་ཁང་བཅས་ཀྱི་གྲྭ་པ་དང་བཙུན་མ། ས་གནས་ཀྱི་མི་མང་བཅས་འཛོམས་ཡོད་པ་རེད། ༸གོང་ས་མཆོག་མྱུར་དུ་བོད་ལ་ཕྱིར་ཕེབས་ཐུབ་པ་དང་། པན་ཆེན་རིན་པོ་ཆེ་གཙོས་རང་རིགས་ཆབ་སྲིད་བཙོན་པ་མྱུར་དུ་གློད་གྲོལ་ཡོང་བ། ལྷག་པར་དུ་བོད་བསྟན་སྲིད་མི་རིགས་དང་བཅས་པའི་ཆེད་རང་ལུས་མེར་བསྲེག་གཏོང་མཁན་དཔའ་བོ་ཕོ་མོ་རྣམས་ཀྱི་བྱས་བསགས་སྡིག་ལྟུང་ཐམས་ཅད་དག་ནས་དལ་བའི་བརྟེན་བཟང་མྱུར་དུ་ཐོབ་ཆེད། བདག་ཅག་གི་སྟོན་པ་བཀའ་དྲིན་ཅན་སྐུ་བལྟམས་པ། མྱ་ངན་ལས་འདས་པ།མངོན་པར་རྫོགས་པ་སངས་རྒྱས་པ་བཅས་དུས་བཟང་སུམ་འཛོམས་ཀྱི་ཉིན་མོ་འདིར་མཆོད་འབུལ་སྨོན་ལམ་བྱས་པ་ཡིན་ཞེས་གོ་སྒྲིག་པས་འགྲེལ་བརྗོད་བྱས་སོང། ཉིན་དེའི་དགོང་མོ་མར་མེའི་ཁྲོམ་སྐོར་གཞི་རྒྱ་ཆེ་བ་ཞིག་ཀྱང་བྱས་ཡོད་པ་རེད།།

Share this:
༢༦ ཀློག་གྲངས།