པེ་ཅིང་གི་དྲུག་བཞིའི་དོན་རྐྱེན་ལ་རྗེས་དྲན།

གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་གཞུང་གིས་རྒྱ་གཞུང་ལ་པེ་ཅིང་གནམ་བདེ་སྒོ་མོ་ཆེ་རུ་དྲུག་བཞིའི་དོན་རྐྱེན་སྐབས་ཀྱི་མང་གཙོ་དོན་གཉེར་བའི་ཆབ་སྲིད་བཙོན་པ་ཚང་མ་གློད་གྲོལ་དགོས་པའི་འབོད་སྐུལ་གནང་འདུག

ཟླ་འདིའི་ཕྱི་ཚེས་༣ ཉིན་ཨ་རིས་རྒྱ་ནག་གཞུང་ལ་ཕྱི་ལོ་༡༩༨༩ ལོའི་པེ་ཅིང་གནམ་བདེ་སྒོ་མོ་ཆེ་ནས་རྒྱ་གཞུང་གིས་འཛིན་བཟུང་བྱས་པའི་སློབ་ཕྲུག་མང་གཙོ་དོན་གཉེར་བའི་བཙོན་པ་ཚང་མ་གློད་གྲོལ་དང་། རྒྱ་གཞུང་ངོས་ནས་རྒྱ་ནག་གི་འབངས་མི་སེར་དཀྱུས་མ་རྣམས་ཀྱི་འཛམ་གླིང་ཡོངས་ཁྱབ་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་སྐྱོབ་བྱེད་རྒྱུར་ལས་དོན་མང་ཙམ་དགོས་པའི་འབོད་སྐུལ་བྱས་ཡོད་པ་རེད།
ཨ་རིའི་མགྲིན་ཚབ་པ་གཞོན་པ་མཱག་ཊོ་ནེར་གྱིས། དྲུག་བཞི་དོན་རྐྱེན་དང་འབྲེལ་བའི་པེ་ཅིང་གྱི་མང་གཙོའི་ཁྲོམ་སྐོར་གྱི་ལས་འགུལ་ལ་དམ་དྲག་བཙན་གནོན་སྐབས་སུ་སྲོག་ཤོར་མཁན་དང་། འཛིན་བཟུང་བྱས་པ། བོར་བརླག་ཕྱིན་པ་སོགས་ཀྱི་སྐོར་ལ་ཐོ་གཞུང་ཆ་ཚང་བ་ཞིག་མཁོ་སྤྲོད་བྱེད་པའི་རེ་འདུན་ཞུ་རྒྱུ་ཡིན་ཞེས་བརྗོད་ཡོད་པ་རེད།

དེ་བཞིན་ལས་འགུལ་དུ་ཞུགས་མཁན་དང་། འབྲེལ་ཡོད་ནང་མི་ཚོར་བརྡབ་གསིག་དང་བསུན་གཙེར་ཟེར་བའི་སྲིད་ཇུས་མཚམས་འཇོག་དགོས་པའི་འབོད་སྐུལ་ཡང་བྱས་ཡོད་པ་རེད། ཕྱི་ལོ་༡༩༨༩ ལོའི་ཕྱི་ཟླ་༦ པའི་ཚེས་༤ ལ་རྒྱ་གཞུང་གིས་འཐབ་རྒོལ་འཕྲུལ་འཁོར་བེད་སྤྱད་ནས་དྲག་དམག་གི་མང་གཙོའི་ལས་འགུལ་བར་དྲག་གནོན་བྱེད་སྐབས་སློབ་མ་ཞིག་གིས་རང་སྲོག་བློས་གཏོང་གིས་དྲག་དམག་འགྲོ་ལམ་འགོག་ཐབས་བྱས་པ་རེད། དྲག་གནོན་དེའི་སྐབས། སློབ་མ་སྟོང་ཕྲག་བརྒལ་བ་རྐྱེན་ལམ་བཏང་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད། གནས་ཚུལ་དེ་ལ་བརྟེན་ནས་འཛམ་གླིང་ཕྱོགས་གང་ས་ནས་རྒྱ་གཞུང་གིས་བྱེད་སྟངས་དེར་ངོ་རྒོལ་བྱས་ཡོད་པ་རེད། རྒྱ་གཞུང་གི་ངོས་ནས་བརྗོད་ན། དོན་རྐྱེན་དེ་གསར་བརྗེའི་ཁ་གཏད་ཀྱི་ངོ་ལོག་ཡིན་པས། སློབ་མ་སྒེར་ལངས་ལ་དམ་དྲག་བྱས་པར་ནོར་འཁྲུལ་གང་ཡང་མེད་པར་བརྗོད་ཀྱི་ཡོད་པ་རེད། དོན་རྐྱེན་དེའི་སྐོར་ལ་རྒྱལ་ཁབ་ཀྱི་ངོས་ནས་གསར་ལམ་ཁག་ལ་བཀག་འགོག་བྱས་ཤིང་། བརྗོད་གཞི་དེ་རྒྱལ་ནང་དུ་སྨྲ་བརྗོད་མི་ཆོག་པ་ཞིག་ཏུ་གྱུར་ཡོད་མོད། ཟླ་འདིའི་ཕྱི་ཚེས་༣ ཉིན་དྲུག་བཞིའི་དུས་དྲན་དང་སྟབས་བསྟུན་ནས་རྒྱ་ནག་ནང་མི་མང་གིས་ངོ་རྒོལ་ལས་འགུལ་སྤེལ་བས། ལས་འགུལ་བ་བཅུ་ཕྲག་གཅིག་ལྷག་ཙམ་འཛིན་བཟུང་བྱས་ཤིང་། བརྒྱ་ཕྲག་དུ་མ་བཀག་འགོག་བྱས་ཡོད་པ་རེད།
ཕྱི་ལོག་ཏུ་ཡོད་པའི་ལས་འགུལ་བ་ཚོས་བ་སྤུའི་མེ་ཏོག་(www.molihua.org) ཅེས་པའི་དྲ་བའི་ནང་རྒྱ་གཞུང་ལ་ངོ་རྒོལ་བྱེད་མཁན་ཚོས་ཉིན་དེར་གྱོན་ཆས་ནག་པོ་གྱོན་ནས་དྲུག་བཞིའི་དུས་དྲན་ལ་སྲུང་བརྩི་གནང་རོགས་ཞེས་འབོད་སྐུལ་བྱས་ཡོད་པ་རེད།

རྒྱ་ནག་ཏུ་པེ་ཅིང་དཔྱིད་ཀའི་དུས་དེབ་ནང་སྤྱི་ཁྱབ་རྩོམ་སྒྲིག་པ་ཧུ་པིང་གིས་འགྲོ་བ་མིའི་ཐོབ་ཐང་དང་། མང་གཙོའི་སྤྱི་ཚོགས་དྲང་བདེན་སོགས་ལ་སྐུལ་འདེད་བཏང་ཡོད་ལ། ཝང་དཱན་ཞེས་པའི་གནམ་བདེ་སྒོ་མོ་ཆེའི་མང་གཙོའི་ལས་འགུལ་སྣེ་ཁྲིད་མཁན་གིས་ཕྱི་ཚེས་༤ ཉིན་རྩོམ་སྒྲིག་པ་ཧུ་པིང་སོགས་ལས་འགུལ་བ་མཉམ་དུ་རྗེས་དྲན་བྱས་པ་དང་། ཁོང་གིས་ང་ཚོའི་ལས་འགུལ་ལེགས་གྲུབ་མ་བྱུང་བའི་རྒྱུ་མཚན་ནི། ང་ཚོར་ཏང་གི་སྒྲིག་འཛུགས་ཁོངས་ནས་མཉམ་ཞུགས་བྱེད་མཁན་མེད་པས་རེད། གལ་ཏེ་ང་ཚོར་ཡང་བསྐྱར་གོ་སྐབས་ཤིག་བྱུང་ན། ཏང་ནང་ནས་མཉམ་ལས་བྱེད་མཁན་མང་པོ་ཡོད་དགོས་ཀྱི་འདུག དེ་ནི་མེད་དུ་མི་རུང་བ་ཞིག་ཡིན་ཞིང། སློབ་གསོ་དེ་ང་ཚོས་ཤེས་པ་ཞིག་བྱེད་དགོས་ཞེས་བརྗོད་ཡོད་པ་རེད། རེས་གཟའ་ཉི་མའི་ཉིན་རྒྱ་ནག་ཏུ་དམག་མི་དང་ཉེན་རྟོག་པས་དམ་དྲག་བྱས་ཤིང་། མ་རྐང་ཁྲོམ་རྭའི་གནས་ཚུལ་དྲ་ཐོག་ནས་འཚོལ་རྒྱུ་མེད་པ་བཟོས་ཡོད་པ་དང་། རེས་གཟའ་ཟླ་བའི་ཉིན་རྒྱ་ནག་གི་མ་རྐང་ཁྲོམ་རྭའི་བརྒྱ་ཆ་མར་ཆགས་ཡོད་པའི་དཀའ་ངལ་འཕྲད་ཡོད་པ་རེད།།

Share this:
༤༤ ཀློག་གྲངས།