རྙིང་མའི་དབུ་འཛིན་གྱིས་བཀའ་ཆོས་དང་ཁྲི་འདོན།

དཔལ་སྔ་འགྱུར་རྙིང་མའི་དབུ་འཛིན་ཁྲི་རབས་དྲུག་པ། ༧སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་ཆེས་༢༠༡༢ ཕྱི་ཟླ་ ༥ ཚེས་༢༤ ཉིན་ནས་བཟུང་བྱང་གཏེར་གྱི་བཀའ་དབང་དང་ལྗགས་ལུང་དབུ་བཙུགས་ཡོད་པ་རེད།

སྐྱབས་རྗེ་མཆོག་འདི་ལོའི་ཕྱི་ཟླ་༣ ཚེས་་༦ ། བོད་རབ་བྱུང་བཅུ་བདུན་པའི་ཆུ་འབྲུག་ལོའི་བོད་ཟླ་ ༡ ་ཚེས་ ༡༣ རེས་གཟའ་མིག་དམར་ཉིན།  སྔ་འགྱུར་རྙིང་མ་མ་དགོན་དྲུག་གི་བླ་ཆེན་ཁག་དང་མཁན་་པོ་རྣམས་ཀྱིས་ཇི་ལྟར་གསོལ་བ་བཏབ་པ་བཞིན། རྙིང་མའི་དབུ་འཛིན་དུ་ཞལ་བཞེས་གནང་། བླ་ཆེན་རྣམས་ཀྱིས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས། དེ་རྗེས་རྡོ་བྲག་འདུས་སྤྱི་ནས་ཇི་ལྟར་གསོལ་བ་བཏབ་པ་བཞིན་ཕྱི་ཟླ་༥ ཚེས་ ༢༤ ཉིན་ནས་དབུ་བཙུགས་ཏེ་སྔ་འགྱུར་བྱང་གཏེར་ཡོང་རྫོགས་ཀྱི་བཀའ་དབང་ལྗགས་ལུང་བསྩལ། སྐབས་དེར་དིལ་མགོའི་མཁྱེན་བརྩེའི་ཡང་སྲིད་རིན་པོ་ཆེ། འབྲུ་གུང་རྒྱབ་ར་ཁྲི་ཚབ་རིན་པོ་ཆེས་དབུས་པའི་མཁན་སྤྲུལ་བརྒྱ་ལྷག་དང་དགེ་འདུན་པ་དང་བཙུན་མ། མི་མང་བཅས་ཁྱོན་ཆོས་ཞུ་ལྔ་མི་མང་ལྔ་བརྒྱ་ལྷག་འཛོམས་ཡོད་པ་རེད། 

ཕྱི་ཟླ་ ༦ ཚེས་ ༤ ས་ག་ཟླ་བའི་ཚེས་ ༡༥ ཉིན་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་གཟིམ་ཆུང་ནང་མཇལ་དང་༧གོང་ས་མཆོག་གིས་རྙིང་མའི་དབུ་འཛིན་གྱི་ཁྲི་དར་གནང་། ཉིན་དེའི་ཕྱི་དྲོ་སིམ་ལ་རྡོ་བྲག་མ་དགོན་དུ་ཆིབས་བསུ་གཟབ་རྒྱས་ཞུས་ཞིང་ངོ་མཚར་བའི་རྟགས་མཚན་དུ་མས་སྣ་དྲངས་ཏེ་་རྡོ་བྲག་དགོན་དུ་ཞབས་སོར་འཁོད། ཚེས་ ༥ ཉིན་ སྐུ་ངལ་བསོས།  ཚེས་ ༦་ ཉིན་རྙིང་མའི་དབུ་འཛིན་གྱི་ཁྲི་འདོན་མཛད་སྒོ་རྒྱས་པ་ཞིག་བྱས། མཛད་སྒོ་དེར་རྣམ་གྲོལ་གླིང་སྐུ་ཚབ་མཁན་པོ་ཚེ་རིང་རྡོ་རྗེ། ཇོ་ནང་སྐུ་ཚབ། སྨིན་གྲོལ་གླིང་། རྙིང་མ་སྤྱི་འཐུས་མཁན་པོ་བསོད་ནམས་བསྟན་འཕེལ། ཆོས་རིག་དྲུང་ཆེ། གནས་ཆུང་གྲྭ་ཚང་གི་སྐུ་ཚབ། དགའ་གདོང་དགོན་པའི་སྐུ་ཚབ་། དེ་བཞིན་སིམ་ལ་ས་གནས་བོད་པའི་ཚོགས་པ་ཁག་གི་སྐུ་ཚབ་ཁག་བཅས་སེར་སྐྱ་གཅིག་སྟོང་བརྒལ་བ་ཕེབས་ཡོད་པ་རེད།

ས་གནས་ནས་འབྲེལ་ཡོད་ཀྱིས་གནས་ཚུལ་མཁོ་གཏོང་བྱས།

Share this:
༡༧༤ ཀློག་གྲངས།