ཆུ་སྒང་སྒྲིག་འཛུགས་ཀྱི་དུས་དྲན་སྲུང་བརྩི་ཐེངས་༥༣ པ།

chugang1_16_6_2012དེ་རིང་དགྲ་བོ་རྒྱ་དམར་ལ་ནམ་ཡང་ཞུམ་པ་མེད་པའི་འཐབ་རྩོད་རྒྱུན་འཁྱོངས་གནང་རྒྱུ་དེ་རྩ་དོན་གཙོ་བོར་འཛིན་རྒྱུ་དང་། ཤུལ་ལུས་དྭངས་བླངས་དཔའ་བོ་རྒན་གྲས་ཚོར་ཆེ་མཐོང་དང་། གཞོན་སྐྱེས་ཚོར་༧གོང་ས་མཆོག་གི་དགོངས་གཞི་ལྟར་ཤེས་ཡོན་སྤྲོད་ཐབས་བྱེད་རྒྱུ་ཡིན་སྐོར་ཆུ་སྒང་་དབུས་རྒྱུན་ནས་བསྒྲགས་སོང་།

དེ་ཡང་ཟླ་འདིའི་ཕྱི་ཚེས་༡༦ ཉིན་གྱི་ཞོགས་པའི་ཆུ་ཚོད་༧། ༣༠ ཀྱི་སྟེང་།མདོ་ཁམས་ཆུ་བཞི་སྒང་དྲུག་དྷ་ས་ས་གནས་རྒྱུན་ལས་ཁང་གི་གོ་སྒྲིག་འོག  བཞུགས་སྒར་དྷ་སའི་ཉེ་འདབས་སུ་ཡོད་པའི་ལྷ་རྒྱལ་རིར་མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་དབུ་བརྙེས་ནས་ལོ་ངོ་༥༤ འཁོར་བའི་དུས་དྲན་སྲུང་བརྩི་ཐེངས་༥༣ པའི་མཛད་སྒོ་ཞིག་འཚོགས་ཡོད་པ་དང་། མཛད་སྒོའི་སྟེང་སྐུ་མགྲོན་གཙོ་བོར་བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་གྱིས་གཙོས་པའི་སྤྱི་འཐུས་ཁག་ཅིག གཞན་ཡང་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང་མདོ་སྟོད་རྒྱ་ཆེའི་མི་མང་བཅས་མཉམ་འཛོམས་བྱས་ཡོད་པ་རེད།

མཛད་སྒོའི་ཐོག་མར་ཚོགས་བཅར་བ་ཚང་མས་༧གོང་ས་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་དང་། དཔའ་བོ་ཨ་འབྲུག་མགོན་པོ་བཀྲ་ཤིས་ཀྱི་སྐུ་པར་གཉིས་ལ་གུས་འདུད་དང་བཅས་མཇལ་དར་བསྒྲོན་སོང་ལ། བོད་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་རང་སྲོག་ཤོར་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཡོངས་ལ་མྱ་ངན་གུས་འདུད་དང་། དེ་དག་གི་ཤུལ་ལུས་མི་མང་སྤུན་ཟླ་ཚོར་གདུང་སེམས་མཉམ་བསྐྱེད་ཆེད་ངག་བཅད་སྐར་མ་༡ གི་རིང་བྱས་སོང་།

chugang2_16_6_2012དེ་ནས་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་གྱིས། སྤྱི་འཐུས་རྒྱུན་ལས་ཀྱི་གསུང་འཕྲིན་སྒྲོགས་སྦྱང་གནང་དོན། “སྒྲིག་འཛུགས་འདི་ཉིད་ཀྱིས་བོད་བསྟན་སྲིད་དང་། མི་རིགས་ཀྱི་རང་དབང་ཆེད་དཔའ་ངར་ཞུམ་མེད་ཀྱིས་དགྲ་བོར་ཕར་རྒོལ་རིམ་པར་བྱས་ཏེ། ཁ་གཏད་གདོང་ལེན་གྱི་ཞབས་འདེགས་རྨད་དུ་བྱུང་བ་བསྒྲུབས་ཡོད་པ་མ་ཟད། ཕྱི་ལོ་༡༩༥༩ ལོར་༧ གོང་ས་མཆོག་གིས་དབུས་བོད་མི་འབུམ་ལ་ཉེ་བ་རང་དབང་སླར་གསོའི་འདུན་པ་ཤུགས་དྲག་དང་བཅས་བོད་དང་ཆོས་སྲིད་ཀྱི་གནའ་འབྲེལ་ཁྱིམ་མཚེས་རྒྱལ་ཁབ་རྒྱ་གར་འཕགས་པའི་ཡུལ་དུ་མ་ཕེབས་མཐུ་མེད་བྱུང་སྐབས་ཀྱང་། ༧གོང་ས་མཆོག་གི་ཆིབས་ཞབས་སུ་བཅར་ཏེ་སྐུ་ཕྱྭའི་ཉེན་སྲུང་གི་ཞབས་འདེགས་རླབས་པོ་ཆེ་བསྒྲུབས་ཡོད་པ་བཅས་ལ་གོ་སྐབས་འདི་བརྒྱུད་ནས་བཀའ་དྲིན་རྗེས་དྲན་དང་སྦྲགས་གུས་འདུད་ཞུ་རྒྱུ་ཡིན་”ཞེས་དང་།

ཡང་ཁོང་གིས་མུ་མཐུད་དུ་“ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་བོད་མིའི་སྒྲིག་འཛུགས་དང་། མང་ཚོགས་ཀྱིས་གདོང་ལེན་བྱེད་ཕྱོགས་གོ་བསྡུར་སླད་རིང་མིན་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དགོངས་དོན་བཞིན། དམིགས་བསལ་ཚོགས་ཆེན་ཐེངས་གཉིས་པ་བསྐོང་ཚོགས་གནང་རྒྱུ་གཏན་ཁེལ་ཡོད་པ་ལྟར། སྐབས་དེར་སྒྲིག་འཛུགས་ཀྱི་དགོངས་འཆར་ཇི་ཡོད་རྣམས་ད་ལྟ་ནས་གོ་བསྡུར་གྱིས། གྲ་སྒྲིག་གནང་རྒྱུ་གལ་ཆེན་ཡིན་པ་ལྟར་མཛད་སྒོ་འདི་དང་བསྟུན་ཏེ་དྲན་བསྐུལ་ཞུ་རྒྱུ་ཡིན། རྒྱ་གར་ནི་བཙན་བྱོལ་བོད་མི་རྣམས་ཀྱི་ཕ་ས་གཉིས་པ་ལྟ་བུ་ཡིན་ཞིང་། ད་ཕན་མི་ལོ་༥༣ ལྷག་གི་རིང་བོད་མི་སྐྱབས་བཅོལ་བའི་ཆེད་གཞིས་ཆགས་གསར་བསྐྲུན་དང་། གཏན་ཉིན་སློབ་གྲྭ་ཁག་གསར་རྒྱག་གནང་ཡོད་པ་མ་ཟད། དུས་ད་ལྟའང་བོད་མིའི་ལས་གཞི་ཁག་ལ་རྒྱབ་སྐྱོར་རོགས་རམ་ཤུགས་ཆེན་གནང་བཞིན་ཡོད་པས་བཀའ་དྲིན་བརྗེད་མེད་ཡིན། དེར་བརྟེན་ང་ཚོས་ཀྱང་བཀའ་དྲིན་དེ་དག་ལ་བསམ་ཤེས་དང་། ཡུལ་ཆུ་འཐུང་ནས་ཡུལ་ཁྲིམས་སྲུང་བའི་དཔེ་ལྟར་ཡུལ་ཁྲིམས་ལ་སྲུང་བརྩི་དང་། འགྲོ་འདུག་སྤྱོད་གསུམ་གང་ཅིར་ཡུལ་མིའི་མིག་ལམ་དུ་མི་མཛེས་པའི་རིགས་མི་ཡོང་བར་ཡིད་གཟབ་བྱ་དགོས་པ་གལ་ཆེན་པོ་རེད་”ཅེས་སྒྲོགས་སྦྱང་བྱས་སོང་།

ཆུ་སྒང་དབུས་རྒྱུན་སྐུ་ཚབ་སྤྱི་འཐུས་དགེ་བཤེས་ཚེ་རིང་པོས། ཆུ་སྒང་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཡོངས་ཁྱབ་གསུང་འཕྲིན་སྒྲོགས་སྦྱང་གནང་སྐབས། “མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་འདི་ས་གང་བདེ་དང་། དུས་ཚིགས་གང་ཡག་དང་བསྟུན་ཏེ་བཙུགས་པ་ཞིག་མ་ཡིན་པར། བོད་བསྟན་སྲིད་མི་རིགས་དང་བཅས་པ་རླུང་ནང་གི་མར་མེ་ལྟར་འཇིག་ལ་ཉེ་བའི་དུས་ཚོད་དེར། ལི་ཐང་ཨ་འབྲུག་མགོན་པོ་བཀྲ་ཤིས་ཀྱིས་དབུ་ཁྲིད་འོག་ཁམས་རིགས་བཞི་གསུམ་བཅུ་གཉིས་ཀྱིས་གཙོ་བྱས་པའི་མདོ་དབུས་ཁམས་གསུམ་གྱི་དཔའ་བོ་ཁྱུ་ཞིག་གིས་བཙུགས་པའི་སྒྲིག་འཛུགས་ཤིག་རེད་”ཅེས་དང་།

chugang3_16_6_2012ཡང་ཁོང་གིས་སྒྲིག་འཛུགས་དེའི་ལས་དོན་བྱེད་ཕྱོགས་དང་འབྲེལ་ནས་“ཨ་འབྲུག་ཛ་སག་གིས་སྣེ་ཁྲིད་པའི་དྲག་པོའི་དམག་གི་སྒྲིག་འཛུགས་འདི་ལྕགས་ཚ་གྲི་གུ་ཐང་དུ་བཙུགས་ཏེ། རུ་དར་སེར་པོས་བར་སྣང་བསྒྲིབས་པའི་དམག་དཔུང་འདིས། བོད་བསྟན་སྲིད་ཀྱི་ཆེད་འཆི་ཡང་སྲོག་ལ་མི་འཛེམས་པར། ཐོག་མར་ཤངས་དགའ་ལྡན་ཆོས་འཁོར་གླིང་ནས་གོ་མཚོན་བླངས་པ་ནས། ལྕགས་ར་དཔའ་འབར་བར།  བྱང་ཁུལ་དུ་དམག་འཐབ་ཐེངས་བཅོ་བརྒྱད་ཙམ་བརྒྱབ། ལྷོ་ཧའི་ཁུལ་དུ་དམག་ཐེངས་ཆེ་བ་༣༤ དང་། ཆུང་བ་༧༥ བརྒྱབ་པའི་ལོ་རྒྱུས་དེ་ཚོ། བོད་ཀྱི་གཏམ་དཔེ་ལ་བུ་ཕ་ཡིས་མི་བསྟོད་དགྲ་ཡིས་བསྟོད། དགྲ་ནག་པོས་བསྟོད་ན་བསྟོད་དངོས་ཡིན་ཞེས་པ་ལྟར་དགྲ་བོ་རྒྱ་དམར་པའི་ཉེ་རབས་དེབ་ཐེར་རྣམས་སུ་འཁོད་ཡོད་ལ། དམག་འཐབ་དེ་དག་གི་ནང་དགྲ་བོ་རྒྱ་ནག་གི་མི་རྒྱུ་ཟོག་གསུམ་ལ་གོད་ཆགས་དང་ཕམ་ཉེས་ཇི་ཙམ་བཏང་ཡོད་པ་ཡང་གསལ་པོར་འཁོད་ཡོད།

ལས་དབང་ནི་སུས་ཀྱང་བཟློག་ཐབས་མེད་པའི་ཆོས་ཉིད་ཅིག་ཡིན་པས། གནས་སྐབས་མི་ཡུལ་དུ་ཡོང་དགོས་བྱུང་བའི་སྐབས། ཁ་བ་གངས་ཅན་ལྗོངས་ཀྱི་ལྷ་སྐལ་༧གོང་ས་མཆོག་གི་སྐུའི་བ་སྤུ་ཙམ་ལ་ཡང་ཉེ་ཞོ་མེད་པར་རྒྱ་གར་འཕགས་པའི་ཡུལ་དུ་གདན་འདྲེན་ཞུས། དེ་དང་ཆབས་ཅིག་རིས་སུ་མཆིས་པའི་ཆོས་ལུགས་ཁག་གི་བླ་ཆེན་དང་། སེར་སྐྱ་རིས་མེད་ཀྱི་བོད་འབངས་ཁྲི་ཕྲག་དུ་མ་བཙན་བྱོལ་དུ་འབྱོར་ཐུབ་པ་བྱུང་ཡོད། ང་ཚོས་སྔོ་གཤེགས་དཔའ་བོའི་མཛད་རྗེས་ལ་དྲན་གསོ་དང་། ཁོང་རྣམ་པའི་ཞལ་ཆེམས་ལ་བརྩི་སྲུང་ནན་པོའི་སྒོ་ནས། བོད་བསྟན་སྲིད་རང་དབང་གི་ཉི་མ་མ་ཤར་བར་དུ། དགྲ་བོ་རྒྱ་ནག་ལ་ནམ་ཡང་ཞུམ་པ་མེད་པར། འཐབ་རྩོད་རྒྱུན་འཁྱོངས་བྱ་རྒྱུ་དེ་རྩ་དོན་གྱི་གཙོ་བོར་འཛིན་རྒྱུ་ཡིན་ཞེས་”དང་།

དེ་བཞིན་དགྲ་བོ་རྒྱ་དམར་ལ་ནམ་ཡང་ཞུམ་པ་མེད་པའི་འཐབ་རྩོད་རྒྱུན་འཁྱོངས་གནང་རྒྱུ་དེ་རྩ་དོན་གཙོ་བོར་འཛིན་རྒྱུ་དང་། ཤུལ་ལུས་དྭངས་བླངས་དཔའ་བོ་རྒན་གྲས་ཚོར་མཐོང་དང་། གཞོན་སྐྱེས་ཚོར་༧གོང་ས་མཆོག་གི་དགོངས་གཞི་ལྟར་ཤེས་ཡོན་སྤྲོད་ཐབས་བྱེད་རྒྱུ་ཡིན་སྐོར་སོགས་མ་འོངས་ལས་དོན་བྱེད་སྐོར་འཁོད་ཡོད་པ་རེད།

དེ་རྗེས་མདོ་ཁམས་ཆུ་བཞི་སྒང་དྲུག་དྷ་ས་ས་གནས་རྒྱུན་ལས་ཀྱི་་ཚོགས་གཙོ་ངག་དབང་ཐར་པ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུས་གསུང་བཤད་གནང་སྟེ་མཛད་སྒོ་གྲོལ་ཡོད་པ་རེད།།

Share this:
༧༧ ཀློག་གྲངས།