འགྱུར་ཚད་མྱུར་བའི་ལས་འགུལ་གྱི་རྣམ་པ་དང་མ་འོངས་པའི་ཉེན་ཁ།

འབའ་པ་སྐལ་བཟང་འཕྲིན་ལས།
bapa kalsang tenliལོ་རབས་ལྔ་བཅུ་པར་རྒྱ་དམར་པོས་བོད་དུ་དཔུང་འཇུག་བྱས་ཏེ། བོད་ཀྱི་འདོད་བློ་དང་མི་མཐུན་པའི་སྣོད་བཅུད་གཉིས་ཀ་བདག་བཟུང་བྱས་པར་བརྟེན།

ཨ་ལོ་ཆོས་མཛད་སོགས་ཀྱིས་འགོ་ཁྲིད་པའི་མི་མང་ཚོགས་པ་ཞེས་པ་ཞིག་གསར་འཛུགས་བྱས་ནས་བོད་ཀྱི་བདག་པོ་བོད་མི་ཡིན་པའི་སྐོར་སོགས་རྒྱ་གཞུང་ལ་སྙན་ཞུ་དང་། བར་སྐོར་སོགས་སྲང་ལམ་གང་སར་བོད་ཀྱི་བདག་པོ་བོད་མི་ཡིན། རྒྱ་དམར་བོད་ནས་ཕྱིར་རྒྱུགས་ཤིག བོད་རང་བཙན་གཙང་མ་ཡིན་ཟེར་བའི་འབོད་ཚིག་འཁོད་པའི་ཡིག་ཆ་མང་པོ་འགྲེམས་སྤེལ་བྱས་ཡོད།

དེ་ནི་བོད་ཀྱི་ལོ་རྒྱུས་ཐོག་བཙན་རྒོལ་རྒྱལ་སྐྱོབ་ཀྱི་ལས་འགུལ་རྣམ་གྲངས་གསར་པ་ཞིག་དབུ་བཙུགས་པ་ཡིན།དེ་ནས་ཡོངས་སུ་གྲགས་པའི་བུད་མེད་རང་དབང་སྒེར་ལངས་ཆེན་མོའི་ལས་འགུལ་དེ་བྱུང་ཞིང་། སྒེར་ལངས་དེའི་སྐབས་ལག་པ་གནམ་ལ་འཕྱར་བཞིན་བོད་རང་བཙན་ཡིན། རྒྱ་དམར་བོད་ནས་ཕྱིར་རྒྱུགས་ཟེར་བ་སོགས་གོང་འཁོད་མི་མང་ཚོགས་པས་སྦྱར་འགྲེམས་བྱས་པའི་རྩ་ཚིག་རྣམས་འབོད་ཚིག་ཏུ་བསྒྲགས། ད་དུང་༧གོང་ས་མཆོག་རྒྱ་དམར་གྱི་དམག་སྒར་དུ་གཟིགས་མོར་གཟིགས་པར་ཕེབས་ན་འཛིན་བཟུང་བཀག་ཉར་བྱ་སྲིད་པའི་ཉེན་ཁ་མཐོང་ནས་བོད་ཀྱི་སྐྱ་སེར་མང་པོས་པོ་ཏཱ་ལ་བསྐོར་ནས་གོང་གསལ་བཞིན་ཁ་འབོད་བྱས་ཡོད།

དེ་ལྟར་བོད་ཤོར་ནས་བཟུང་ལོ་ལྟར་གསུམ་བཅུའི་དུས་དྲན་ཞེས་པའི་མྱ་ངན་དྲན་གསོ་དང་དགྲ་རྒོལ་བྱེད་པའི་ལས་འགུལ་ཞིག་སྤེལ་སྲོལ་བྱུང་ཞིང་། ལས་འགུལ་དེ་དག་གི་ནང་གཙོ་བོ་གོང་གསལ་འབོད་ཚིག་རྣམས་བསྒྲགས་ནས་དགྲ་བོར་རྒོལ་བའི་རྣམ་འགྱུར་བཟུང་ཡོད། ལོ་རབས་བདུན་ཅུ་པའི་འགོ་སྟོད་དང་བརྒྱད་ཅུའི་ནང་བོད་ནང་འབོད་ཚིག་དེ་དག་སླར་ཡང་གསོན་ཏེ། སྟོད་ཉི་མ་ལྷ་ས་ནས་བཟུང་བོད་ཀྱི་ས་ཁུལ་མང་པོ་ཞིག་གི་ནང་ཁྱབ་བརྡལ་ཕྱིན་ཡོད། དེ་ནས་བཟུང་དུས་ཡུན་རིང་པོར་ཞི་བའི་ལས་འགུལ་གྱི་རྣམ་གྲངས་དེ་དག་ལ་འགྱུར་བ་གང་ཡང་མེད་པར་རང་འཇགས་ངང་གནས་ཡོད།

ཕྱི་ལོ་༡༩༩༨ ལོར་བཙན་བྱོལ་ནང་འབོད་ཚིག་བསྒྲགས་པ་ཙམ་མིན་པར་རང་བསྲེག་གི་ལས་འགུལ་དང་། སྐབས་དེ་དག་གི་གཡས་གཡོན་ནམ། དེ་སྔ་གང་རུང་ཞིག་ནས་ཟས་བཅད་དང་མར་མེའི་སྐོར་བསྐྱོད་ཀྱི་ལས་འགུལ་ཡང་བྱུང་། འོན་ཀྱང་དེའི་སྐབས་བརྡ་འཕྲིན་གྱི་བརྒྱུད་ལམ་ཞན་དྲགས་པའམ། ཡང་ན་རྐྱེན་གཞན་པ་གང་གི་དབང་ཡིན་མི་ཤེས་མོད་ལས་འགུལ་དེ་དག་བོད་ནང་ཁྱབ་བརྡལ་བྱུང་ཐུབ་མི་འདུག་ལ།བཙན་བྱོལ་ནང་དུ་ཡང་ལས་འགུལ་དེ་དག་གི་འཕྲོར་མཐུད་མ་ཐུབ་པ་དེ་མུར་ལུས་པས་སླར་ཡང་ལས་འགུལ་རྣམ་གྲངས་ཕྱིར་ལོག་ལྟ་བུར་གྱུར་ནས་སྔར་བཞིན་སྐད་འབོད་སོགས་རང་བྱས་ནས་དུས་འདས། དེ་ནས་སྟོང་ལོ་གསར་པ་ཤར་མ་ཐག་བོད་ནང་དུ་ལས་འགུལ་ཐེངས་ཁ་ཤས་བྱུང་ཞིང། ལས་འགུལ་དེ་དག་གི་ནང་གཙོ་བོ་རང་གི་མངོན་འདོད་འབོད་ཚིག་ཏུ་སྒྲོག་པའི་ལས་འགུལ་གྱི་རྣམ་པ་རྙིང་པ་རང་དུ་གནས་ཡོད། ལྷག་པར་དུ་ས་བྱིའི་ཞི་རྒོལ་ཆེན་པོའི་ནང་ཡང་ཐོག་མའི་ཆར་སྐད་འབོད་ངོ་རྒོལ་རང་བྱས་པ་ལས་ལས་འགུལ་རྣམས་གྲངས་གསར་པ་གང་ཡང་མ་བྱུང་།

དེ་ནས་ངོ་རྒོལ་སྐད་འབོད་ལ་བདག་སྤྲོད་བྱེད་མཁན་དང་མངོན་གསལ་གྱི་གྲུབ་འབྲས་མེད་པའི་ཚོར་སྣང་དབང་གིས་སོ་ནམ་པས་ས་ཞིང་འདེབས་ལས་མི་བྱེད་པའི་ལས་འགུལ་དང་། ལོ་གསར་མི་གཏོང་པའི་ལས་འགུལ། རང་སྐད་གཙང་བཤད་དང་རང་གོས་གཙང་གྱོན། རང་ཟས་གཙང་ཟ་བྱེད་པའི་ལྷག་དཀར་ལས་འགུལ་བ་རིམ་པས་བྱུང་ལ། ཞི་བའི་ལས་འགུལ་དེ་དག་ལ་ཡང་སྔར་བཞིན་རྒྱ་གཞུང་གིས་ཡ་ལན་གང་ཡང་མ་སྤྲད་པར་བོད་མིའི་གཞི་རྩའི་མི་ཡི་ཐོབ་ཐང་དང་གོམས་གཤིས་སོགས་སྔར་བཞིན་གནོན་བཙིར་རྒྱུན་མ་ཆད་པ་དང་། ཞི་བའི་ལས་འགུལ་གྱི་ལན་དུ་གསོད་རྡུང་འཕྲོག་བཅོམ་སོགས་དྲག་ཤུགས་ཀྱིས་བཙན་གནོན་བྱ་རྒྱུར་ཆེས་ཆེར་ཕྱིན་པར་བརྟེན། ༢༠༠༩ ལོར་རང་བསྲེག་གི་ལས་འགུལ་འགོ་འབུས་ཡོད། སྤྱིར་བཏང་རང་ལུས་ལ་འབར་རྫས་ཐོགས་ནས་གཏོར་རྒོལ་བྱས་པ་དང་རང་བསྲེག་གི་ལས་འགུལ་གཉིས་ཀ་བློས་གཏོང་གི་ཆ་ནས་གཅིག་པ་ཡིན་ནའང་། རང་བསྲེག་ལས་འགུལ་སྡང་སེམས་ཀྱི་དབང་གིས་དགྲ་བོ་དང་རང་ཉིད་གཉིས་ཀ་ལྷན་དུ་མེད་པར་བྱ་རྒྱུ་དེ་ལས་སླ་ཞིང་། དགྲ་བོར་ཅུང་ཟད་ཙམ་ཡང་གནོད་པ་མ་བྱས་པར་བདེན་པའི་དཔང་པོར་རང་སྲོག་བཏང་བ་ཧ་ཅང་གི་བྱ་དཀའ་བའི་ལས་དོན་ཞིག་ཡིན། དེ་འདྲའི་བློས་བཏང་གི་བསམ་པ་ལྡན་ཞིང་གནང་དཀའི་ལས་འགུལ་ཞིག་ཡིན་ནའང་༧གོང་ས་མཆོག་གི་བཀའ་བཏགས་ཕྱག་རྒྱ་ལས་འདའ་མ་ནུས་པར་གཞན་ལ་འཚེ་བ་ལས། རང་གི་ཚེ་སྲོག་བཅད་ནས་འཛམ་གླིང་མི་མང་ལ་བདེན་དཔང་བྱེད་པའི་ཞི་བའི་ལས་འགུལ་དེ་རང་དུ་གནས་ཡོད།

ད་དུང་སྟོང་ལོ་གསར་པ་ཤར་ནས་བཟུང་བོད་ཀྱི་གླུ་བ་དང་གླུ་མ་ཚོས་༧གོང་ས་མཆོག་ལ་བསྟོད་གླུ་དང་བོད་སྐྱོབ་འབོད་སྒྲས་མཚོན་པའི་གླུ་གཞས་རྣམས་ཐོག་མར་རབ་རིབ་ནས་ད་ཆར་མངོན་གསལ་དུ་བཏང་སྟེ། ཐ་ན་རྒྱལ་དར་དང་རང་བཙན་ད་དུང་གོང་ས་མཆོག་དང་བཀའ་བློན་ཁྲི་པའི་མཚན་མངོན་གསལ་དང་། སྐུ་དཔར་སོགས་ཀྱང་བརྙན་ངོས་སུ་མངོན་གསལ་དུ་འཆར་བཅུག་སྟེ་གླུ་གཞས་བླངས་ཡོད། གླུ་བ་གླུ་མ་དེ་དག་གིས་གླུ་དེ་འདྲ་ཞིག་བླངས་ན་མཐའ་མར་ལྷུང་ས་གང་ཡིན་སྔར་ནས་ཤེས་རྟོགས་ཡོད་ཀྱང་། མི་རིགས་ཀྱི་བདེ་སྡུག་ལ་འགན་ཁུར་ལེན་པའི་བསམ་པས་ཡོད་ཚད་བློས་བཏང་བྱས་ཡོད།  དེ་ལྟ་བུའི་ཕྱོགས་ཡོངས་ནས་བློས་བཏང་ཆེན་པོ་ཞིག་བྱུང་བ་དེ་ནི་གོང་ཞུས་བཞིན་རྒྱ་གཞུང་གི་བཙིར་གནོན་ཐལ་དྲགས་བྱས་པའི་དབང་གིས་རེད་ལ། ལྷག་པར་དུ་འདས་མ་ཐག་པའི་ལོ་གཅིག་གཉིས་ནང་བོད་དོན་འཐབ་རྩོད་ཀྱི་རྣམ་གྲངས་གསར་བསྣན་མང་པོ་ཞིག་བྱ་དགོས་བྱུང་བ་དེ་ཡང་། གཞིས་ལུས་བོད་མིའི་ཁྲོད་ཤེས་རབ་ཀྱི་བློ་མིག་ལྡན་པའི་གཞོན་སྐྱེས་གང་མང་ཞིག་བསྐྱེད་བསྲིངས་བྱུང་ནས། དེ་དག་གིས་དོན་དམ་པར་བོད་མི་མང་ལ་རང་ས་དང་རིག་གནས་ལ་བདག་སྤྲོད་བྱེད་པའི་ཁེ་དབང་ཡོད་མེད་དང་། ཁ་བཤད་དོན་ལ་མི་གནས་པའི་སྲིད་ཇུས་ཀྱི་ངོ་གདོང་། ད་དུང་འཛམ་གླིང་ཡུལ་གྲུ་མང་པོ་ཞིག་ཏུ་འཐབ་རྩོད་ལ་བརྟེན་ནས་ཁེ་དབང་མང་པོ་ཞིག་ཐོབ་པར་རིག་ནས་ལས་འགུལ་གྱི་རྣམ་པ་གསར་པ་དེ་དག་བྱུང་བ་རེད། དེ་ཡང་ཡིན་ཏེ་དེང་གི་འཛམ་གླིང་མི་མང་ཚོས་རྣམ་པ་གསར་པ་དང་སྦིར་སྒྲ་ཆེན་པོ་ཅན་ལ་དོ་སྣང་སྤྲོད་ཀྱི་ཡོད་པས་རེད་ལ། རྣམ་པ་གསར་པ་དང་སྦིར་སྒྲ་ཆེན་པོར་བདག་སྤྲོད་བྱེད་མཁན་མང་པོ་ཞིག་བྱུང་ནས་མཐའ་མར་འཐབ་རྩོད་པ་རྒྱལ་མཁན་མང་པོ་འབྱུང་བཞིན་མཐོང་བས་ཀྱང་རེད།

དེས་ན་བློས་བཏང་ཟིན་རྗེས་ལས་འགུལ་ཅི་འདྲ་སྤེལ་བར་དཀའ་ངལ་གཏན་ནས་མེད་པས་རྒྱ་ནག་གཞུང་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ད་དུང་ཡང་བོད་ཀྱི་གནད་དོན་ལ་བདག་སྤྲོད་མ་བྱས་ཚེ་ཞི་བའི་ལས་འགུལ་ལ་ནུས་པ་མེད་པ་དང་། གྲུབ་འབྲས་མེད་པའི་ཚོར་སྣང་བྱུང་ནས་ཞི་བའི་ལས་འགུལ་གྱི་ཨང་རིམ་ཐ་མར་སླེབས་པ་ལྟ་བུའི་རང་བསྲེག་གི་ལས་འགུལ་ནས་ད་དུང་ཡང་ལས་འགུལ་གྱི་གོམ་ཁ་གཞན་དུ་བསྒྱུར་མི་སྲིད་པ་མིན་ནོ།།

མདོར་ན་འཚོ་བ་ལས་འཆི་ན་འདེམས་ཁ་ཡག་པའི་གནས་སུ་སླེབས་ནས། བློས་བཏང་གི་ལས་འགུལ་དེ་དག་བྱུང་བས་རྒྱ་གཞུང་གིས་སྒྲོག་བཞིན་པའི་ཟིང་ཟིང་གི་ལས་འགུལ་གྱི་འབྱུང་རྩ་ཡང་རྒྱ་གཞུང་རང་ཉིད་ཡིན། ད་ལྟའི་ཆར་༧གོང་ས་མཆོག་གི་བཀའ་བཏགས་ཀྱི་ཕྱག་རྒྱའི་འོག་ཏུ་ཡིག་ཆ་སྦྱར་འགྲེམས་བྱས་པ་ནས་བཟུང་རང་བསྲེག་ངོ་རྒོལ་བ་བྱུང་ཟིན་པའི་ལས་འགུལ་ཚང་མ་ཞི་བའི་ལས་འགུལ་གྱི་ངོ་བོ་ལས་མ་འདས་པར་གནས་ཡོད་མོད། ད་དུང་རྒྱལ་ཚོགས་ཀྱིས་བོད་ཀྱི་གནད་དོན་ལ་བདག་སྤྲོད་མ་བྱས་པ་དང་། རྒྱ་གཞུང་གིས་བཙིར་གནོན་ལ་ཚོད་འཛིན་མ་བྱས་ཚེ་ཞི་བའི་ལས་འགུལ་གྱི་རྣམ་པ་ལས་བརྒལ་ནས་འཐབ་འཁྲུག་གི་ལས་འགུལ་དུ་འགྱུར་སྲིད། དུས་དེར་བོད་པ་ཙམ་མ་ཟད་རྒྱ་ནག་ལ་ཡང་བརྟན་ལྷིང་མེད་པའི་གྱོང་གུད་ཆེན་པོ་ཞིག་ཐེབས་ངེས་ཡིན།།

Share this:
༡༢༨ ཀློག་གྲངས།