ཨོ་རི་སའི་བོད་མི་དང་རྒྱ་གར་བའི་བར་ཞིང་སའི་དཀའ་རྙོག

ཉེ་ཆར་རྒྱ་གར་ཨོ་རི་ས་ཕུན་ཚོགས་གླིང་གི་བོད་མི་རྣམས་དང་རྒྱ་གར་ཡུལ་མིའི་དབར་ལ་ས་ཞིང་གི་རྙོག་གླེང་ཆེན་པོ་བྱུང་བ་དང། ད་ལྟ་གནད་དོན་དེ་ཁྲིམས་ཐོག་ཏུ་འགྲོ་བཞིན་ཡོད་པ་རེད་ཅེས་བརྗོད་འདུག

དེ་ཡང་ཨོ་རི་ས་ཕུན་ཚོགས་གླིང་གཞིས་གྲོང་༥པའི་སྤྱི་མི་མིག་དམར་བརྒྱུད། དགེ་བཤེས་བྱམས་པ་བློ་བཟང་ནས་གསར་འགོད་པར་གནས་ཚུལ་མཁོ་སྤྲོད་གནང་དོན། ཐོག་མར་ཨོ་རི་ས་ཕུན་ཚོགས་གླིང་གི་གཞི་གྲོང་༤ པའི་ནང་རྐང་སྤོལ་རྩེད་ཐང་གསར་བཟོ་བྱེད་སྐབས་ཉེ་འཁོར་སཱོ་ར་གྲོང་གསེབ་ཀྱི་ཡུལ་མིའི་དཔོན་པོ་ཁག་གཅིག་ནས་ས་ཆ་དེ་ཁོང་ཚོའི་ཡིན་ཚུལ་བརྗོད་དེ། གྲོང་གསེབ་གཞན་ཁག་ལ་བརྒྱུད་བསྐུལ་གྱིས་ཡུལ་མི་མང་པོ་ཞིག་གིས་ལག་ཏུ་གྲི་དང་མདུང་འཁྱེར་ནས་བོད་མིའི་ཐོག་ངོ་རྒོལ་ཤུགས་ཆེར་བྱས་ཡོད་པ་དང་། དེ་རྗེས་ཕྱི་ཟླ་༥ པའི་ཚེས་༤ ཉིན་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་ས་གནས་སུ་འཚམས་གཟིགས་ལ་ཕེབས་སྐབས། ས་གནས་བོད་མི་རྣམས་ལ་སེམས་གསོ་དང་འབྲེལ་རྒྱ་གར་གཞུང་རང་ནས་ང་ཚོ་ལ་ཞིང་ས་གནང་བ་དེ་སུ་ཞིག་གིས་འཕྲོག་ཐུབ་ཀྱི་མ་རེད་ལ། ང་ཚོ་ངོས་ནས་རྒྱ་གར་དཔོན་རིགས་ཚོ་ལ་འབྲེལ་བ་བྱས་ཏེ་མྱུར་དུ་དཀའ་རྙོག་སེལ་ཐབས་བྱེད་ཀྱི་ཡིན་སྐོར་གྱི་ལམ་སྟོན་གནང་ཡོད་ནའང་། དེའི་རྗེས་ཕྱི་ཟླ་༥ པའི་ཚེས་༢༦ ཉིན་རྒྱ་གར་ས་གནས་ཀྱི་དམར་ཤོག་ཚོགས་པའི་དར་ཆ་འཕྱར་ནས་ས་གནས་ཡུལ་མི་ཕོན་ཆེན་བོད་པའི་ས་ཞིང་སྒང་ལ་ཡོང་ནས། ངོ་རྒོལ་སྐད་འབོད་བརྒྱབ་ཡོད་པ་མ་ཟད། ཚེས་༢༧ ཉིན་རྒྱ་གར་ཡུལ་མི་༢༠༠ ལྷག་གིས་གླང་དང་རྟ་སོགས་དེད་དེ་བོད་པའི་ས་ཞིང་སྒང་ལ་ཡོང་ནས་ས་ཞིང་འདེབས་ལས་འགོ་འཛུགས་བྱས་ཡོད་ཀྱང་། བོད་མིའི་ས་གནས་འགོ་འཛིན་གྱིས་ཡུལ་མིའི་ངོ་རྒོལ་ཇི་ཙམ་བྱས་ཀྱང་ང་ཚོའི་ངོས་ནས་བཟོད་སེམས་ཞི་འཇམ་ངང་བསྡོད་དགོས་པའི་ལམ་སྟོན་ལྟར། ས་གནས་བོད་མི་རྣམས་ནས་ཡུལ་མི་ཚོར་ལན་གཅིག་ཀྱང་མ་བྱས་པར་ཞི་འཇམ་ངང་བསྡད་པར་བརྟེན།  བོད་མི་དང་རྒྱ་གར་ཡུལ་མིའི་དབར་འཁྲུག་འཛང་ཆེན་པོ་ད་ལྟའི་བར་བྱུང་ཡོད་པ་མ་རེད།

ཡང་ཁོང་གིས་དེའི་སྐོར་མུ་མཐུད་ནས་འགྲེལ་བརྗོད་གནང་དོན། ཕྱི་ཟླ་༦ ཚེས་༣ ཉིན་ཨོ་རི་ས་ཕུན་ཚོགས་གླིང་གི་ས་གནས་འགོ་འཛིན་མགོན་པོ་བཀྲ་ཤིས་གཙོས་ས་འཐུས་ཚོགས་གཙོ་དང་ས་ཁང་ཞིབ་མཇུག་ཚོགས་ཆུང་གི་གཞིས་གྲོང་ཁག་གི་སྤྱི་མི་བཅས་ས་གནས་རྫོང་དཔོན་ལས་ཁུངས་སུ་བཅར་སྐབས། ས་གནས་རྫོང་དཔོན་ལས་ཁུངས་ཀྱིས་ངོས་ནས་བོད་པ་ལ་སྤྲད་པའི་ས་ཞིང་ཁྱེད་རང་ཚོའི་བདག་པོ་བྱེད་ཆོག་པ་རེད་ལ། གཟའ་ཟླ་བ་ནས་ས་ཞིང་འདེབས་ལས་བྱས་ན་འགྲིག་གི་རེད་ཅེས་གསུངས་སོང་།

ཡིན་ནའང་གླེང་རྙོག་དེའི་རྐྱེན་གྱི་ཨོ་རི་ས་ས་གནས་མི་མང་མཉམ་འབྲེལ་ལ་ཞིང་ལུད་སྒོ་འགྲེམ་བྱེད་རྒྱུ་སོགས་ཀྱི་ཐོག་དཀའ་ངལ་ཞིག་ཀྱང་འཕྲད་ཀྱི་འདུག་ལ། ད་ཆ་ས་གནས་བོད་མི་དང་ཡུལ་མའི་བར་གྱི་ས་ཆའི་རྩོད་རྙོག་དེ་ཁྲིམས་ཐོག་འགྲོ་བཞིན་ཡོད་པ་རེད་ཅེས་བརྗོད་སོང་།

ཨོ་རི་ས་ཕུན་ཚོགས་གླིང་གཞིས་ཆགས་སུ་གནས་སྡོད་བྱེད་མཁན་བོད་མི་༢༠༠༠ ཙམ་ཡོད་པ་དང་། ཁོང་ཚོའི་ས་ཞིང་འདེབས་ལས་བྱེད་སའི་རྒྱ་ཁྱོན་དེ་ཨེ་ཀར་༡༧༠༠ ལྷག་ཡོད་པ་རེད་འདུག །

མོན་གྷོ་གསར་འགོད་པས།

Share this:
༩༦ ཀློག་གྲངས།