བོད་མིའི་ཁྱད་ལས་དྭང་བླངས་ཞབས་ཞུ་བར་ཆ་རྐྱེན་གསུམ་འདུག

ukartsang kaldo2དབུ་དཀར་ཚང་སྐལ་རྡོ་ནི་དྷ་རམ་ས་ལར་སྐྱེས་ནས་ཕྱི་ལོ་༡༩༩༢ ལོར་ཨ་རིར་ཕེབས་ཏེ། སྦོ་སུ་ཊོན་མཐོ་སློབ་མཐར་ཕྱིན་རྗེས། རྒྱལ་སྤྱིའི་བོད་ཀྱི་ལས་འགུལ་ཁང་དུ་ལོ་གསུམ་རིང་ལས་ཀ་བྱས། དེ་ནས་ནིའུ་ཡོག་ཏུ་ལས་ཀ་བྱས་ཏེ་ཁྱོན་བསྡོམས་ལོ་༢༠ ལྷག་གི་རིང་ཨ་རིར་བཞུགས་ཡོད་པ་དང་།

ལོ་སྔོན་མར་བཀའ་ཤག་གསར་པ་ལས་གཞི་ལྟར་དྷ་སར་ཕེབས་ནས། ད་ལྟའི་ཆར་བོད་མིའི་ཁྱད་ལས་དྭང་བླངས་ཞབས་ཞུའི་འགན་འཛིན་གྱི་འགན་ཁུར་གྱི་ཡོད་པ་རེད།
བོད་མིའི་ཁྱད་ལས་དྭང་བླངས་ཞབས་ཞུའི་འགན་འཛིན་དབུ་དཀར་ཚང་སྐལ་རྡོ་ལ་བཅར་འདྲི།

དྲི་བ། ཐོག་མར་བོད་མིའི་ཁྱད་ལས་དྭང་བླངས་ལས་གཞི་དེ་ངོ་སྤྲོད་མདོར་བསྡུས་ཤིག་གསུངས་རོགས།
ལན། བོད་མིའི་ཁྱད་ལས་དྭང་བླངས་ཞབས་ཞུ་ཟེར་བ་འདི་ཕྱི་ལོ་༢༠༡༢ ལོའི་ཟླ་བ་༤ པའི་ནང་བཀའ་དྲུང་ཡིག་ཚང་གི་ཚོགས་ཁང་ནང་ལ་དབུ་འབྱེད་གནང་བ་རེད། ལས་གཞི་འདིའི་དམིགས་ཡུལ་གཙོ་བོ་བཙན་བྱོལ་ནང་གི་བོད་མི་ཚོ་ད་ལྟའི་ཆར་རྒྱལ་ཁབ་ཁག་༤༠ ལྷག་གི་ནང་ལ་ཁ་འཐོར་ཡོད་པས། དྷ་རམ་ས་ལ་ནས་ཁ་བྲལ་ན་ཡང་། བསྐྱར་དུ་དྷ་སར་ཕེབས་དགོས་པ་དེ་རྩ་བའི་བཀའ་ཤག་དང་། ལྷག་པར་བཀའ་བློན་ཁྲི་པའི་ངོས་ནས་གལ་ཆེན་པོར་བརྩི་ཡི་ཡོད་པ་རེད། མང་པོ་ཞིག་བསྐྱར་དུ་ཚུར་ཕེབས་རྒྱུ་ཡང་ཁག་པོ་རེད། སྐྱེས་དམན་དང་ཕྲུ་གུ་ཚང་མ་ཚུར་ཡོང་ནས་ཡང་བསྐྱར་གཞིས་འཛིན་རྒྱུ་ཁག་པོ་རེད། ཡིན་ན་ཡང་འདིར་ཡོང་ནས་གཏན་སྡོད་བྱེད་མ་ཐུབ་ན་ཡང་ཟླ་བ་ཁ་ཤས་རེ་དང་། ལོ་ཁ་ཤས་རེར་སོ་སོའི་སྤྱི་ཚོགས་ནང་ཞབས་འདེགས་ཞུ་ཐུབ་ན་རང་གཞན་ཚང་མར་ཕན་ཐོགས་ཡོང་གི་རེད། བོད་ནང་གི་བོད་མི་ཚོས་བཙན་བྱོལ་ལ་ཡོད་མཁན་ཚོས་མཉམ་རུབ་ཀྱི་ཐོག་ནས་ལས་ཀ་ཡག་པོ་བྱེད་ཀྱི་འདུག་ཟེར་རྒྱུ་ཞིག་བཟོ་དགོས་ཀྱི་ཡོད་རེད། དེར་བརྟེན། ང་ཚོའི་དམིགས་ཡུལ་གཙོ་བོ་དེ་ཁ་འཐོར་བའི་བོད་མི་ཚོའི་དབར་ལ་འབྲེལ་བ་བྱེད་རྒྱུ་དེ་རེད།

དྲི་བ། ལས་གཞི་དེའི་ཁོངས་སུ་སློབ་མར་མཉམ་མྱོང་བསག་ས་དང་། ཆེད་ལས་པ། སློབ་སྟོན་པའི་ལས་གཞི་བཅས་རིགས་གསུམ་དུ་དབྱེ་འདུག ད་ལྟ་དྭང་བླངས་ཞབས་ཞུ་བ་རག་ཡོད་དམ།
ukartsang kaldo1ལན། ལས་གཞི་འདིའི་འགོ་བརྩམས་ཏེ་ཟླ་བ་༢ ལྷག་འགྲོ་ཡི་ཡོད་རེད། བོད་མིའི་ཁྱད་ལས་དྭང་བླངས་ཞབས་ཞུ་ཟེར་དུས་དེ་ལ་ཆ་རྐྱེན་གསུམ་ཚང་དགོས་ཀྱི་ཡོད་རེད། དང་པོ་དེ་བོད་མི་ཡིན་པ། གཉིས་པ་དེ་ཁྱད་ལས་པའམ་ཡང་ན་མཐོ་སློབ་གང་ཞིག་ཏུ་འགྲོ་མྱོང་མཁན་ཡིན་པ། གསུམ་པ་ལས་ཀ་གང་བྱེད་པ་དེ་དྭང་བླངས་ཀྱི་ཐོག་ནས་བྱེད་དགོས་ཀྱི་ཡོད་པའི་ཆ་རྐྱེན་གསུམ་ཚང་དགོས་པ་རེད། དྭང་བླངས་ཐོག་ལས་ཀར་ཞུགས་འདོད་མཁན་ཚོར། ང་ཚོས་གནས་རིམ་གསུམ་བཟོས་ཡོད། གནས་རིམ་དང་པོ་དེ་མཐོ་སློབ་ཐོན་ལ་ཉེ་བ་དང་ཐོན་ཚར་མཁན་ཚོ་རེད། གཉིས་པ་དེ་ཁྱད་ལས་པ་དང་རིགས་གཅིག་རྐང་འཛིན་ཡང་ན་རིག་ཚན་བྱེ་བྲག་པ་གཅིག་གི་སྒང་ལ་ལས་ཀའི་ཉམས་མྱོང་ཡོད་པ། གསུམ་པ་དེ་ཁྱད་ལས་པའི་ནང་ནས་ཀྱང་མཁས་དབང་དེ་འདྲ་དམིགས་བསལ་གྱིས་ལོ་མང་པོར་ལས་ཀའི་ཉམས་མྱོང་ཡོད་མཁན་དེ་འདྲ་དགོས་ཀྱི་ཡོད་རེད། སློབ་མ་ཚོ་སྔ་ས་ནས་ལས་གཞི་འདིའི་ནང་ཞུགས་ཐུབ་པ་ཡིན་ན། སྔ་ཕྱི་ཞིག་རེད་མ་གཏོགས་མ་འོངས་པར་ཡང་ན་ཁྱད་ལས་པ་ཆགས་ཀྱི་རེད། ཡང་ན་གཏན་འཇགས་ལས་བྱེད་ཆགས་ཀྱི་རེད། ད་ལྟ་ང་ཚོར་ཁྱད་ལས་པ་དང་རྒན་ཡོལ་ལ་ཕེབས་ཚར་མཁན་གཉིས་ཀ་ཡོང་གི་ཡོད་པ་རེད།
མཁས་དབང་དེ་ཡང་དམིགས་བསལ་གྱིས་བསམ་བློ་གཏོང་ས་ཞིག་ཆགས་འདུག ད་ལྟའི་ཆར་ང་ཚོའི་སྤྱི་ཚོགས་ནང་ལས་གཞི་རྒྱ་ཆེན་པོ་དང་། ལས་གཞི་གལ་ཆེན་ཞིག་འགོ་རྩོམ་དུས་མཁས་དབང་དེ་འདྲ་ལམ་སྟོན་ཞུ་ས་དམིགས་བསལ་མི་འདུག དེར་བརྟེན། ང་ཚོའི་རེ་བ་ལ་ལས་གཞི་འདི་བརྒྱུད་ནས་མཁས་དབང་མང་པོ་ཞིག་བསྡུ་ཐུབ་ན། མ་འོངས་པར་ཕན་ཐོགས་ཡོང་གི་རེད་བསམ་གྱི་ཡོད། ལས་གཞི་འདིའི་ཐོག་ནས་ལས་ཀ་བྱེད་མཁན་ཚོར་དྭང་ཞབས་པ་ཞེས་མིང་བཏགས་ཡོད།
ལས་གཞི་འདིར་དྭང་ཞབས་པ་དང་པོ་དེ་རྩིས་ཞིབ་ལས་ཁང་དུ་ཡོད་པའི་ཤེས་རབ་མཚོ་མོ་ལགས་རེད། གཉིས་པ་དེས་ཟླ་འདིའི་ཕྱི་ཚེས་༡༨ ནས་ལས་ཀ་བྱེད་མཁན་ཞིག་ཡོད། ཁོ་རང་དབྱིན་ཡུལ་ནས་ཕེབས་པ་རེད། ཁོ་རང་གི་པ་ལགས་བོད་པ་དང་ཨ་མ་ལགས་དབྱིན་ཇི་རེད་འདུག
གསུམ་པ་དེ་༧གོང་ས་མཆོག་གི་གསུང་བསྒྱུར་བ་མཁས་དབང་ཐུབ་བསྟན་སྦྱིན་པ་ལགས་རེད། ཁོང་རང་གིས་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་གྱི་འཆར་གཞི་ཞིག་གི་སྒང་ལ་ལས་ཀ་བྱེད་ཀྱི་ཡོད་རེད། ཞབས་འདེགས་བསྒྲུབ་སྟངས་ལ་ཡང་རིམ་པ་གསུམ་ཡོད་རེད། རིམ་པ་དང་པོ་དེ་དྷ་རམ་ས་ལ་ཡོང་དགོས་ཀྱི་ཡོད་རེད། རིམ་པ་གཉིས་པ་དེ་གཞིས་ཆགས་ཁག་དང་སློབ་གྲྭ་ཁག་ལ་འགྲོ་དགོས་ཀྱི་ཡོད་རེད། རིམ་པ་གསུམ་པ་དེ་སོ་སོ་བཞུགས་སའི་ས་གནས་རང་ནས་དྲ་རྒྱ་སོགས་བརྒྱུད་ནས་ལས་ཀ་བྱེད་དགོས་ཀྱི་ཡོད་རེད། ཐུབ་བསྟན་སྦྱིན་པ་ལགས་ཡིན་ན་རིམ་པ་གསུམ་པ་དེའི་སྒང་ལ་འགྲོ་ཡི་ཡོད་རེད། དེ་བཞིན་དྭང་བླངས་པ་ཁག་ཅིག་ཡོང་གཏན་ཁེལ་ཟིན་ལ། ད་དུང་དྭང་བླངས་པ་ཁ་ཤས་ཡོང་སྲིད་ཀྱི་རེད། ཡིན་ན་ཡང་ད་ལོར་ལས་གཞི་འདི་གསར་པ་ཡིན་དུས་དྭང་བླངས་པ་གཞན་མ་སླེབས་པ་ཡིན་ན་ཡང་འགྲིག་ས་རེད། ལོ་འདིར་ང་ཚོའི་དམིགས་ཡུལ་འགྲུབ་སོང་། མི་མང་པོ་ཞིག་བསྡུས་ན་ཡང་ལས་ཀ་ཚགས་ཚུད་པོ་ཡོང་གི་མ་རེད། ལས་ཀ་འདི་ཕུགས་ཐག་རིང་པོའི་ལས་གཞི་ཞིག་ཡིན་དུས་ལམ་སང་ལས་ཀ་མང་པོ་བྱེད་རྩིས་མེད།

དྲི་བ། ལས་ཀ་ཁ་ཤས་ཟླ་བ་གཅིག་གཉིས་ཤིག་གི་ནང་ལ་རྫོགས་འགྲོ་ཡི་ཡོད་པ་རེད། ཡང་ཁ་ཤས་རྒྱུན་མཐུད་དགོས་དུས། མི་གསར་པ་ཞིག་སླེབས་ནས་ཟླ་བ་ཁ་ཤས་ཤིག་ལ་ལས་ཀ་བྱས་ནས་འགྲོ་སོང་ན་ལས་ཀ་བྱེད་ཕྱོགས་ཀྱི་ཐད་ལ་དཀའ་ངལ་འཕྲད་ཀྱི་མི་འདུག་གམ།
ལན། ལས་ཀ་འཚོལ་ཕྱོགས་ཀྱི་སྐོར་ལ་ང་ཚོས་བསམ་བློ་གཏོང་གི་ཡོད། སྤྱིར་བཏང་ལས་བྱེད་མང་ཆེ་བས་འདིར་དུས་རྒྱུན་དུ་ལས་ཀ་བྱེད་ཀྱི་ཡོད་རེད། དེར་བརྟེན། ཁོང་ཚོས་ལས་ཀ་བྱེད་བཞིན་པའི་སྒང་ལ་ང་ཚོས་ཕྱི་ལོག་ནས་མི་ཁྲིད་ཡོང་ན་ཏག་ཏག་མ་རེད། ལས་ཀ་དེ་ཚོ་ལྷན་ཁང་སོ་སོས་འབྲེལ་བ་གནང་སྟེ། ང་ཚོ་ལ་མི་འདི་འདྲ་ཞིག་དགོས་ཀྱི་འདུག་ཟེར་ནས་ང་ཚོ་ལ་འབྲེལ་བ་བྱེད་ཀྱི་ཡོད་རེད། མ་གཏོགས་ང་ཚོས་ཐག་ཆོད་བྱེད་ཀྱི་ཡོད་པ་མ་རེད།

དྲི་བ། ལག་ཁྱེར་ཡག་པོ་ཡོད་ན་ཡང་འདིར་སླེབས་དུས་སློབ་སྦྱོང་གིས་མ་འདང་པ་དེ་འདྲ་ཡོང་སྲིད་ཀྱི་རེད། དེར་བརྟེན། ཤེས་ཚད་ཡོད་མེད་ལ་བལྟ་སྟངས་ག་འདྲ་རེད།
ལན། ལས་གཞི་འདིའི་ནང་འཛུལ་ཞུགས་བྱ་རྒྱུར་ངེས་པར་དུ་ལག་ཁྱེར་དེ་འདྲ་དགོས་ཀྱི་ཡོད་པ་མ་རེད། སོ་སོས་ལས་ཀ་བྱེད་ཐུབ་ཀྱི་ཡོད་བསམ་ན་འགེངས་ཤོག་བསྐངས་ན་འགྲིག་གི་ཡོད་རེད། ཡིན་ན་ཡང་ལས་ཀའི་ཉམས་མྱོང་དང་ལག་ཁྱེར་གང་རུང་ཞིག་དགོས་ཀྱི་ཡོད་རེད། ལས་ཀ་བྱ་སེམས་ཀྱི་འདོད་པ་གཅིག་པུས་འགྲིག་གི་མ་རེད། ལག་ཁྱེར་ཚད་ལྡན་མེད་ན་ཡང་རིག་ཚན་བྱེ་བྲག་པའི་སྒང་ལ་ལོ་བཅུ་དང་བཅུ་གཅིག་གི་རིང་ལས་ཀའི་ཉམས་མྱོང་ཡོད་ཟེར་ན། ང་ཚོ་ལ་དགོས་རྒྱུ་དེ་རེད། ཉམས་མྱོང་ག་ཚོད་ཅིག་ཡོད་མེད་དང་ས་མིག་དེ་དང་འབྲེལ་བའི་ལས་ཀ་བྱས་ཡོད་མེད་བལྟ་རྒྱུ་ཡིན།

དྲི་བ། ད་ལྟའི་ཆར་ས་མིག་མང་ཆེ་བར་སྐད་ཡིག་དེ་དབྱིན་ཡིག་དགོས་ཀྱི་ཡོད་པ་ལྟ་བུ་འདུག དེ་འདྲ་རེད་དམ།
ལན། དབྱིན་ཡིག་དང་བོད་ཡིག་གཉིས་ཆ་ཤེས་ན་ཡག་པོ་འདུག ཡིན་ན་ཡང་ཤུགས་ཆེ་བ་དབྱིན་ཡིག་ཤེས་དགོས་ཀྱི་ཡོད་རེད། འབྲི་རྒྱུ་དང་ཉམས་ཞིབ་བྱེད་རྒྱུ་མང་ཆེ་བ་ཞིག་དབྱིན་ཡིག་ཆགས་ཡོད་པ་རེད། ས་མིག་ཁག་ཅིག་ལ་བོད་ཡིག་དང་དབྱིན་ཡིག་གཉིས་ཀ་ཤེས་དགོས་ཀྱི་ཡོད་རེད། དཔེར་ན། གྲོས་ཚོགས་ཀྱི་བཅའ་ཁྲིམས་འགྱུར་བ་གཏོང་ཕྱོགས་ལྟ་བུ་ཡིན་ན་དབྱིན་བོད་གཉིས་ཀ་ཤེས་དགོས་པ་རེད། ཡང་ན་བོད་ཡིག་དང་རྒྱ་ཡིག་ཤེས་དགོས་པ་རེད།།
༢༠༡༢ ལོའི་ཟླ་༦ ཚེས་༡༩ ཉིན་བཅར་འདྲི་བྱས།

Share this:
༢༠༢ ཀློག་གྲངས།