རྒྱ་ནག་ནི་ད་དུང་མི་ལྐོག་འཚོང་གི་འབྱུང་ཁུངས་ཡིན།

ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་འགྲོ་བ་མི་ལྐོག་འཚོང་གནད་དོན་གྱི་ཞིབ་འཇུག་སྙན་ཐོ་འདོན་སྤེལ་བྱས་པ་དེའི་ནང་། འཛམ་གླིང་ནང་ལོ་རེར་བྱིས་པ་དང་བུད་མེད་གཙོས་པའི་མི་གྲངས་ས་ཡ་༢༧ ཙམ་མི་ལྐོག་འཚོང་རྒྱག་མཁན་ཚོའི་གཡོ་འོག་ཏུ་ཚུད་ཀྱི་ཡོད་སྐོར་འཁོད་ཡོད་པ་རེད།

དེ་ཡང་ཟླ་འདིའི་ཚེས་༡༩ ཉིན་ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་འགྲོ་བ་མི་ལྐོག་འཚོང་གནད་དོན་གྱི་ཞིབ་འཇུག་སྙན་ཐོ་འདོན་སྤེལ་བྱས་ཡོད་པ་དང་། སྙན་ཐོ་དེིའི་ནང་རྒྱ་ནག་མུ་མཐུད་དུ་ཨང་རིམ་གཉིས་པའི་ལྟ་རྟོགས་ཀྱི་གྲས་སུ་བཞག་ཡོད་འདུག་ལ། དེ་ནི་རྒྱ་ནག་ལོ་ངོ་༨ ཀྱི་རིང་བསྟུད་མར་ཨང་རིམ་དེའི་ཐོག་ནས་གོང་འཕེལ་དུ་འགྲོ་མ་ཐུབ་པ་རེད་འདུག

ལོ་འདིའི་འགྲོ་བ་མི་ལྐོག་འཚོང་གནད་དོན་གྱི་ཞིབ་འཇུག་སྙན་ཐོ་དེའི་ནང་འཛམ་གླིང་གི་རྒྱལ་ཁབ་༡༨༦ དང་། མངའ་ཁུལ་འདྲ་མིན་གྱི་ནང་མི་ལྐོག་འཚོང་བྱས་པའི་གནད་དོན་ཁག་ལ་ཞིབ་འཇུག་བྱས་པ་ཞིབ་ཕྲའི་ཐོག་བཀོད་ཡོད་ཅིང་། ཞིབ་འཇུག་སྙན་ཐོ་དེའི་ནང་ལོ་རེར་བྱིས་པ་དང་བུད་མེད་གཙོས་པའི་ཕལ་ཆེར་མི་གྲངས་ས་ཡ་༢༧ ཙམ་མི་ལྐོག་འཚོང་རྒྱག་མཁན་ཚོའི་གཡོ་འོག་ཏུ་ཚུད་ཀྱི་ཡོད་སྐོར་བཀོད་ཡོད་པ་རེད།

ཡང་སྙན་ཐོ་དེའི་ནང་རྒྱ་ནག་གཞུང་གིས་མི་ལྐོག་འཚོང་གི་གནད་དོན་ཐད་བཀོད་དོན། རྒྱ་ནག་གཞུང་གིས་རྒྱལ་ཁབ་དེའི་ནང་གི་མི་ལྐོག་འཚོང་གི་བྱ་སྤྱོད་ཁྲིམས་འགལ་དེའི་རིགས་ལ་སྔོན་འགོག་གི་འབད་བརྩོན་མུ་མཐུད་བྱས་ཀྱང་། རྒྱ་ནག་ནི་ད་དུང་སྔར་བཞིན་མི་ལྐོག་འཚོང་གི་འབྱུང་ཁུངས་དང་། བརྒྱུད་སྤྲོད་བྱ་ས། བཙོང་ས་སོགས་ཡིན་པས་རྒྱ་གཞུང་གིས་རྒྱལ་སྤྱིའི་འབྲེལ་ཡོད་ཁྲིམས་ལུགས་ཚད་གཞིར་བཟུང་ནས། རྒྱལ་ཁབ་དེའི་ནང་མི་ལྐོག་འཚོང་གི་ཁྲིམས་འགལ་བྱ་སྤྱོད་དེའི་རིགས་འགོག་ཐབས་ཀྱི་བྱེད་སྒོ་ནན་ཏན་གྱིས་ལག་བསྟར་བྱས་ཏེ། རྒྱལ་སྤྱིའི་མི་ལྐོག་འཚོང་ལ་ངོ་རྒོལ་གྱི་ལས་གཞིའི་ཁྲོད་མཉམ་ཞུགས་བྱ་དགོས་པའི་སྐུལ་འདེད་ནན་མོ་བྱས་ཡོད་འདུག

ད་དུང་སྙན་ཐོ་དེའི་ནང་རྒྱ་ནག་གཞུང་གིས་སྐྱེས་ཕོ་མོ་དང་བྱིས་པ་སོགས་ཁྲིམས་འགལ་གྱིས་ཉོ་འཚོང་བྱས་ཏེ། ངལ་རྩོལ་དུ་བཀོལ་བ་དང་། རྒྱ་ནག་མངའ་ཁོངས་ཀྱི་མི་རྣམས་དུས་རྒྱུན་རྒྱལ་མཚམས་བརྒལ་ཏེ། ཨ་ཧྥ་རི་ཀ་དང་། ཨེ་ཤིཡའི་རྒྱལ་ཁབ་ཁག་དང་། བྱང་ཨ་རི་བཅས་སུ་བཙོང་གི་ཡོད་ཅིང་། དེ་བཞིན་སོག་པོ་དང་འབར་མ། བྱང་ཀོ་རི་ཡ། ཝེ་ཏི་ནམ་སོགས་ཀྱི་བྱུས་པ་དང་བུད་མེད་རྣམས་རྒྱ་ནག་ཏུ་བཙོང་གི་ཡོད་པ། ཝེ་ཏི་ནམ་གྱི་བུད་མེད་རྣམས་རྒྱ་ནག་ཏུ་བཙན་དབང་གིས་མནའ་མར་བཙོང་བའི་གནས་ཚུལ་བྱུང་ཡོད་ཅེས་དང་། ཡང་སྙན་ཐོ་དེའི་ནང་མུ་མཐུད་འཁོད་དོན། དེའི་རྒྱུན་མི་ལྐོག་འཚོང་བྱས་པའི་ཉེས་ཅན་ཚོས་བུད་མེད་དང་བྱིས་པ་གཙོས་པའི་གནོད་འཚེ་ཕོག་ཡུལ་དེ་དག་ལ། ལས་ཀ་མཁོ་སྤྲོད་བྱ་རྒྱུའི་ཁས་ལེན་བྱས་ཏེ་མགོ་སྐོར་གཏོང་གི་ཡོད། རྒྱ་ནག་གཞུང་གིས་མི་ལྐོག་འཚོང་གི་ཁྲིམས་འགལ་བྱ་སྤྱོད་ཐོག འདང་ངེས་ཀྱི་ལས་དོན་བསྒྲུབས་མེད་པ་དང་། ལྷག་པར་དུ་མི་ལྐོག་འཚོང་གི་ཉེས་ཅན་ཚོར་ཁྲིམས་ཆད་བཅད་དེ་གདོན་འཚེའི་འོག་ཚུད་པའི་རྒྱ་ནག་གི་མི་སེར་དང་། རྒྱལ་ཁབ་གཞན་གྱི་མི་སེར་དེ་ཚོ་སྐྱོབ་ཐུབ་ཀྱི་ནུས་པ་འདོན་ཐུབ་ཀྱི་མེད་པས། རྒྱ་ནག་མི་ལྐོག་འཚོང་གི་ཁྲིམས་འགལ་རིགས་ལ་འགོག་རྒོལ་གྱི་ཚད་གཞི་ཨང་རིམ་གཉིས་པ་ལྟ་རྟོག་གི་གྲས་སུ་བཞག་ཡོད་སྐོར་སོགས་བཀོད་ཡོད་འདུག

གཞན་ཡང་ཨ་རི་ལོ་འཁོར་སྙན་ཐོ་དེའི་ནང་འཁོད་དོན། རྒྱ་ནག་གིས་ཁྲིམས་ལུགས་ཚུལ་བཞིན་དུ་ལག་བསྟར་བྱེད་ཀྱི་མེད་པའི་དབང་གིས། མི་ལྐོག་འཚོང་གི་གནད་དོན་རྒྱ་ཁྱབ་ཏུ་འགྲོ་ཡི་ཡོད་པ་དང་། རྒྱ་གཞུང་གི་དཔོན་རིགས་ཚོས་ལྐོག་ཟའི་བྱ་སྤྱོད་འོག མི་ལྐོག་འཚོང་གི་ཉེས་ཅན་ཚོར་ཁྲིམས་ཆད་ཕོག་གི་མེད་པར། མཚམས་གནོད་འཚེ་ཕོག་མཁན་ཚོར་ཉེས་ཆད་གཏོང་གི་ཡོད་སྐོར་སོགས་བཀོད་ཡོད་པ་རེད།

Share this:
༦༩ ཀློག་གྲངས།