དཔལ་འབར་སྐོར་བསྐྱོད་ཀྱི་ལས་འགུལ།

2012_6_27_pema

ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་དང་བསྟུན་ཏེ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས། ལས་འགུལ་སྣ་མང་སྤེལ་རྒྱུའི་གྲོས་ཆོད་བྱུང་ཡོད་པ་ལྟར་ཡོང་ལ་ཉེ་བའི་༧གོང་ས་མཆོག་གི་འཁྲུངས་སྐར་དང་བསྟུན་ཏེ། བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་གཞི་རྒྱ་ཆེ་བ་ཞིག་སྤེལ་རྒྱུ་ཡིན་ཞེས་གསལ་བསྒྲགས་བྱས་སོང་།

2012_6_27_pema

དེ་ཡང་ཟླ་འདིའི་ཕྱི་ཚེས་༢༧ ཉིན་གྱི་ཞོགས་པའི་ཆུ་ཚོད་༡༡ སྟེང་། གངས་སྐྱིད་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཚོགས་ཆུང་གིས་གསར་འགོད་གསལ་བསྒྲགས་ཤིག་བསྐོངས་ཡོད་པ་དང་། གསར་འགོད་གསལ་བསྒྲགས་ཐོག  ཚོགས་ཆུང་དེའི་ཚོགས་གཙོ་པདྨ་འབྱུང་གནས་དང་། ཚོགས་དྲུང་སྤྱི་འཐུས་ཀརྨ་ཡེ་ཤེས། ཚོགས་མི་སྤྱི་འཐུས་སྨོན་ལམ་མཐར་ཕྱིན། སྤྱི་འཐུས་འཇམ་དབྱངས་བཟོད་པ། སྤྱི་འཐུས་རྒྱ་རིགས་ཐར་བཅས་ཕེབས་འདུག་ལ། སྐབས་དེར་ཚོགས་གཙོ་པདྨ་འབྱུང་གནས་ཀྱིས་གསར་འགོད་གསལ་བསྒྲགས་སྒྲོགས་སྦྱང་གནང་དོན། “རྒྱ་ནག་དམར་པོའི་གཞུང་གིས་བོད་དུ་བཙན་འཛུལ་དྲག་གནོན་བྱས་པ་ནས་ད་ལྟའི་བར་གྱི་ལོ་ངོ་༦༠ ལྷག་གི་རིང་། བོད་ཐོག་བཟུང་བའི་གདུག་རྩུབ་མཁྲེགས་འཛིན་ཅན་གྱི་སྲིད་ཇུས་ལ་འགྱུར་བ་མེད་པར། བོད་ཀྱི་སྣོད་བཅུད་ཡོངས་རྫོགས་བཙན་བཟུང་གིས་བོད་མི་རྣམས་དམར་གསོད་དང་། བཙོན་འཇུག གཅར་རྡུང་། སུན་གཙེར་སོགས་ཀྱིས་མཚོན་སྡུག་སྦྱོང་མནར་གཅོད་ཀྱི་དྲག་གནོན་མཚམས་འཇོག་མེད་པར། རང་རིགས་རྣམས་ཀྱིས་ཀྱང་ཆོས་རིག་སྐད་ཡིག་དང་བཅས་པའི་མི་རིགས་ཀྱི་བླ་སྲོག་ལ་གཅེས་སྐྱོང་གང་ཐུབ་ཀྱིས་བདེན་པའི་འཐབ་རྩོད་རྒྱུན་འཁྱོངས་གནང་ཡོད་”ཅེས་དང་།

ཡང་ཁོང་གིས“་ལྷག་པར་༢༠༠༨ ལོ་ནས་བཟུང་བོད་ས་ཡོངས་སུ་རྒྱ་དམར་དྲག་དམག་གིས། བོད་མི་རྣམས་དམར་གསོད་དང་བཙོན་འཇུག་སོགས་ཀྱི་སྡུག་སྦྱོང་མནར་གཅོད་ཉིན་རེ་བཞིན་ཛ་དྲག་ཏུ་འགྲོ་བཞིན་པའི་ཉེར་ལེན་ལ་བརྟེན། བོད་མི་རྣམས་ཀྱིས་དམྱལ་བ་མི་ཡུལ་དུ་འཕོས་པ་ལྟ་བུའི་སྡུག་བསྔལ་བཟོད་མ་ཐུབ་པར་བོད་དོན་བདེན་མཐའ་གསལ་ཆེད་དང་། ༧གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་ཐབས། མྱོིང་བཞིན་པའི་སྡུག་བསྔལ་རྣམས་མཉམ་འབྲེལ་རྒྱལ་ཚོགས་དང་། རྒྱལ་སྤྱིའི་གཞུང་སྒེར་ཚོགས་སྡེ་ཁག་གཙོས་དུས་རབས་ཉེར་གཅིག་པའི་འགྲོ་བ་མིའི་རིགས་ལ་སྙན་གསན་དང་། སེམས་ཁོང་གི་སྡུག་བསྔལ་དང་མངོན་འདོད་ཕྱིར་བསྒྲགས་བྱེད་པའི་དན་རྟགས་སུ། རང་ལུས་མེར་བསྲེག་གཏོང་མཁན་བར་མེད་དུ་བྱུང་དང་འབྱུང་བཞིན་པར། འདི་ནས་ཀྱང་ཁོང་རྣམ་པའི་ཀུན་ཕན་སེམས་བསྐྱེད་ཀྱི་སྙིང་སྟོབས་དང་མངོན་འདོད་ཇི་བཞིན་རྒྱལ་སྤྱིའི་སྤྱི་ཚོགས་ལ་བརྒྱུད་བསྒྲགས་བྱ་ཆེད། བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་གཞི་རྒྱ་ཆེ་བའི་ལས་འགུལ་འདི་སྤེལ་རྒྱུ་ཡིན་”ཞེས་བསྒྲགས་སོང་།

ལས་འགུལ་འདི་དང་འབྲེལ་དགོས་འདུན་ཁག་ཅིག་བཏོན་ཡོད་པ་ནི།

༡ ཕྱི་ལོ་༡༩༥༩། དང་། ༡༩༦༥ སོ་སོར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བོད་དོན་ཐོག་བཞག་པའི་གྲོས་ཆོད་ཁག་སླར་ཡང་རྒྱལ་ཚོགས་ནས་གླེང་སློང་དང་ལག་བསྟར་མཇུག་གནོན་དགོས་པ།

༢ བོད་ནང་གི་ད་ལྟའི་ཛ་དྲག་གི་གནས་སྟངས་རྟོག་ཞིབ་སླད་རང་དབང་ཅན་གྱི་རྒྱལ་སྤྱིའི་སྐུ་ཚབ་ཅིག་འཕྲལ་དུ་གཏོང་དགོས་པ།

༣ བོད་ནང་གི་བོད་མིའི་མངོན་འདོད་བསྒྲུབ་རྒྱུར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དམིགས་བསལ་འགན་ཁུར་བཞེས་དགོས་པ་བཅས་རེད་འདུག

ཐེངས་འདིའི་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་དེ་འདི་ལོའི་ཕྱི་ཟླ་༧ པའི་ཚེས་༦ ཉིན་སྟེ། ༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་དང་བསྟུན་ཏེ། གོང་གསལ་གྱི་དགོས་འདུན་དེ་དག་འགྲུབ་ཆེད་རྒྱ་གར་གྱི་ས་ཆ་ཤར་ལྷོ་བྱང་གསུམ་ནས་དབུ་འཛུགས་ཀྱིས། རྒྱ་གར་གྱི་ས་གནས་ཡུལ་གྲུ་ཁག་སོ་སོར་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་མཚན་རྟགས་བསྡུ་རུབ་བྱ་རྒྱུ་རེད་འདུག་ལ།

ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཕྱི་ཟླ་ ༩ བའི་ཚེས་ ༢ ཉིན་ནས་བཟུང་མགོ་འཛུགས་བྱས་ཏེ། ཕྱི་ཟླ་ ༡༢ པའི་ཚེས་ ༡༠ ཉིན་ས་གནས་ཁག་གི་མཚན་རྟགས་བསྡུས་རྗེས།  ཕྱི་ལོ་༢༠༡༢ ཟླ་༡༢ པའི་ཚེས་༡༠ ཉིན་ཨ་རི་ནིའུ་ཡོག་རྒྱལ་ཚོགས་ལས་ཁུངས་དང་། སུ་སིའི་རྗི་ནི་ཝར་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས། དེ་བཞིན་རྒྱ་གར་ནང་རྟེན་གཞི་བྱས་པའི་རྒྱལ་ཚོགས་ཀྱི་ཡན་ལག་ལས་ཁུངས་སོ་སོར་ཉིན་བརྒྱ་དུས་གཅིག་ཏུ་སྙན་ཞུ་དང་དཔལ་འབར་རེ་བཅས་འབུལ་རྒྱུ་རེད་འདུག

ལས་འགུལ་འདིའི་དམིགས་ཡུལ་གཙོ་བོ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཙོས་པའི་མཛམ་གླིང་གི་རྒྱལ་ཁབ་ཁག་གིས། ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་དང་བསྟུན་ཏེ་བོད་དོན་བདེན་མཐའ་གསལ་ཆེད་ལ་རྒྱབ་སྐྱོར་དང་། བོད་ནང་གི་ཛ་དྲག་གི་གནས་སྟངས་ཞི་འཇགས་སུ་འགྲོ་ཆེད་དུ་ཡིན་པ་རེད།

Share this:
༨༧ ཀློག་གྲངས།