ཨ་རི་བ་ཞིག་གིས་རྭ་སྟོད་མཁན་པོ་གནང་བ།

news report mundgod  of rato 2012  7  2 1ཟླ་འདིའི་ཚེས་༢ ཉིན་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་རྭ་སྟོད་གྲྭ་ཚང་གི་མཁན་པོ་གསར་རྙིང་བརྗེ་ལེན་གྱི་མཛད་སྒོ་ཞིག་རྭ་སྟོད་གྲྭ་ཚང་གི་འདུ་ཁང་གསར་བའི་ནང་འཚོགས་ཡོད་པ་དང་། ཨ་རི་བ་ཐུབ་བསྟན་ལྷུན་གྲུབ་ཀྱིས་མཁན་པོ་གསར་པའི་ཐུགས་འགན་བཞེས་ཡོད་པ་རེད།

མཛད་སྒོའི་ཐོག་དགའ་ལྡན་བྱང་རྩེ་གྲྭ་ཚང་གི་མཁན་རིན་པོ་ཆེ་བསོད་ནམས་ཆོས་འཕེལ་དང་། ས་གནས་འགོ་འཛིན་བསོད་ནམས་བསྟན་འཛིན་གཉིས་ཀྱི་གཙོས་གདན་སའི་གྲྭ་ཚང་ཁག་གི་དགེ་སྐོས་དང་ཕྱག་མཛོད་རྣམ་པ།  གཞིས་གྲོང་ཁག་གི་སྤྱི་མི་རྣམ་པ། གཞན་ཡང་ས་གནས་ཁག་གི་གནད་ཡོད་མི་སྣ་དང་གྲྭ་མང་བཅས་མཉམ་འཛོམས་ཀྱིས་མཁན་པོ་ཁྲི་སྟོན་ལ་་མཎྜལ་འདེགས་འབུལ་དང་མཇལ་དར་སྒྲོན་འབུལ་སོགས་ཀྱི་མཛད་སྒོ་འཚོགས་ཡོད་པ་རེད།

གསར་འགོད་པས་རྭ་སྟོད་གྲྭ་ཚང་གི་མཁན་པོ་ཐུབ་བསྟན་ལྷུན་གྲུབ་ལགས་སུ་ཁོང་གི་སློབ་སྦྱོང་གི་བརྒྱུད་རིམ་དང་འབྲེལ་བཅར་འདྲི་ཞུས་པར། ཁོང་གིས“་ཕ་མ་གཉིས་ཨ་རིའི་གྲོང་ཁྱེར་ནིའུ་འོག་ནས་ཡིན་ལ། ང་རང་ཕྱི་ལོ་༡༩༥༤ ལོར་སུད་སུ་ལན་ཌི་ཇེ་ནེ་བར་སྐྱེས་པ་རེད། ང་ཐོག་མར་སློབ་སྦྱོང་བྱེད་དུ་ཇར་མི་ནེར་སོང་ནས་སྤ་རན་སུའི་སྐད་ཡིག་སློབ་སྦྱོང་བྱས་པ་ཡིན། དེ་ནས་ཨ་རིའི་གྲོང་ཁྱེར་ནིའུ་འོག་ཏུ་སོང་ནས་ལོ་༤ ལ་སློབ་སྦྱོང་བྱས་རྗེས། སྦ་རན་སུར་སོང་ནས་ལོ་༢ ལ་སློབ་སྦྱོང་བྱས་མཐར་ཡང་བསྐྱར་ཨ་རིར་གློག་བརྙན་བཟོ་སའི་མཐོ་སློབ་ཅིག་ཏུ་སོང་བ་ཡིན། དེ་ནས་ལོ་གཅིག་གི་རྗེས་སུ་ནང་ཆོས་སློབ་གཉེར་ཆེད་ར་སྟོད་སྐྱོང་བླ་རིན་པོ་ཆེའི་ཆོས་ཚོགས་སུ་སོང་ནས་ནང་ཆོས་ལ་སློབ་སྦྱོང་བྱས་པ་ཡིན། དེ་རྗེས་༧གོང་ས་མཆོག་གིས་རྒྱ་གར་ལ་ཡོང་ནས་གྲྭ་བ་བྱས་ཏེ་ནང་ཆོས་ལ་སློབ་སྦྱོང་བྱས་ན་ཡག་པོ་འདུག་ཅེས་ལམ་སྟོན་གནང་བ་བཞིན། ཕྱི་ལོ་༡༩༨༥ ལོའི་ཕྱི་ཟླ་༢ པའི་ནང་ང་ར་སྟོད་གྲྭ་ཚང་དུ་ཆོས་ཞུགས་བྱས་པ་ཡིན། དེ་ནས་༡༩༩༨ ལོར་སློབ་སྦྱོང་མཐར་ཕྱིན་ནས་དགེ་བཤེས་ཀྱི་དམ་བཅའ་བཞག་པ་ཡིན་”ཞེས་གསུངས་སོང་།

ཡང་ཁོང་ལ་དགེ་བཤེས་ཇི་ལྟར་བཞག་མིན་སྐོར་ལ་བཅར་འདྲི་ཞུས་པར།  “ར་སྟོད་གྲྭ་ཚང་ལ་མཚོན་ན་དགེ་བཤེས་ར་འབྲིང་མཐའ་གསུམ་ཡོད་པ་ལས། ངས་གསེར་ཁྲི་དགེ་བཤེས་ཟེར་བ་དེ་བཞག་པ་ཡིན། དེ་དགེ་བཤེས་ཀྱི་རིམ་པ་མཐའ་མ་དེ་རེད་”ཅེས་གསུངས་སོང་།

ཡང་ཁོང་ལ་ཁྱེད་རང་ནང་བསྟན་ཆོས་ལུགས་པའི་གྲྭ་ཚང་ཞིག་གི་མཁན་པོར་སླེབས་པར་ཚོར་སྣང་ག་རེ་བྱུང་ ཞེས་དྲིས་པར། “རྩ་བའི་ཆ་ནས་ང་ལ་ཡོན་ཏན་མེད། སློབ་སྦྱོང་ཡང་དེ་ཙམ་མེད། དཔེ་ཆ་ཡག་པོ་གང་ཡང་ཤེས་ཀྱི་མེད། དེ་འདྲ་ཡིན་པ་སོང་ཙང་ང་ཧང་སང་སོང་། ཡིན་ནའང་༧རྒྱལ་བ་རིན་པོ་ཆེའི་དགོངས་པ་ཡག་པོ་སྒྲུབ་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་”ཅེས་གསུངས་སོང་ལ། ཡང་ཁོང་ལ་མ་འོངས་པར་རྭ་སྟོད་གྲྭ་ཚང་གི་སློབ་གཉེར་བྱེད་ཕྱོགས་དང་། སྒྲིག་གཞི་སོགས་ཀྱི་ཐད་ལེགས་སྤེལ་ཉེས་འགོག་གི་དགོངས་ཚུལ་འདྲ་ཡོད་དམ་ཞེས་དྲིས་པར། “ར་སྟོད་གྲྭ་ཚང་གི་དགེ་འདུན་པ་ཚང་མ་སློབ་སྦྱོང་དཔེ་ཡག་པོ་འདུག དེ་ལ་ངས་ཞེ་དྲག་ལྟ་རྟོག་བྱེད་དགོས་པ་མ་རེད། དེ་མ་ཡིན་པའི་དགོན་པའི་ཁྲིམས་དང་སྒྲིག་ལམ་སོགས་ལ་ལྟ་རྟོག་བྱེད་མཁན་ཕྱག་མཛོད་དང་དགེ་བསྐོས་སོགས་ཧ་ཅང་ཡག་པོ་ཡོད་རེད། དེ་འདྲ་ཡིན་དུས་གཙོ་བོ་སློབ་སྦྱོང་ཡག་པོ་བྱེད་དགོས་པ་དེ་རེད། དེའི་ཐོག་ལ་འབད་རྩོན་གནང་གི་ཡིན་”ཞེས་གསུངས་སོང་། གཞན་ཡང་རྭ་སྟོད་གྲྭ་ཚང་གི་མཁན་པོ་ཕེབས་སྟངས་སྐོར་ལ་བཀའ་དྲི་ཞུས་པར། “སྤྱིར་བཏང་ར་སྟོད་གྲྭ་ཚང་གི་བཅའ་ཡིག་གཞིར་བཞག་བྱས་པ་ཡིན་ན། གྲྭ་མང་གིས་འོས་བླུག་ནས་དགེ་བཤེས་གསུམ་ནས་བཞིའི་བར་བདམས་མཐར།༧གོང་ས་མཆོག་གིས་ཐུགས་ཐག་གཅོད་ཀྱི་ཡོད་རེད། ད་ལོར་ཡང་༧གོང་ས་མཆོག་གིས་ནན་ཏན་ཐོག་བཀའ་གནང་ནས་མང་དུ་གཏོང་རོགས་གསུངས་པ་བཞིན། དགེ་བཤེས་བཅུ་གསུམ་གྱི་མཚན་གཞུང་བཏང་པའི་ནང་ནས་༧རྒྱལ་བ་རིན་པོ་ཆེས་ཕྱག་རྟགས་གནང་བ་རེད་”ཅེས་གསུངས་སོང་།

རྭ་སྟོད་གྲྭ་ཚང་ནི་དུས་རབས་༡༥ པའི་མགོ་སྟོད་ཙམ་དུ་རྗེས་ཡབ་སྲས་ཀྱི་སློབ་མ་གཙོ་བོར་གྱུར་བ་མཁྱེན་རབ་དབང་ཕྱུགས། སྨར་ཁམས་གྲགས་པ་བཟང་པོར་རྒྱལ་ཚབ་རིན་པོ་ཆེའི་བཀའ་གནང་བ་ལྟར་ཕྱག་བཏབས་གནང་ཡོད་པ་དང་། ཚད་མ་རྣམ་འགྲེལ་གྱི་དབུས་གཞུང་ཆེན་བཀའ་པོད་ལྔའི་འཆད་ཉན་བཙུགས་པ་ནས་བཟུང་། གྲྭ་ཆུང་བ་ཡོན་ཏན་རྒྱ་མཚོ་དང་། འཇམ་དབྱངས་བླ་མ་མཆོག་ལྷ་འོད་ཟེར་དང་དྲུང་ཆེན་ལེགས་པ་སོགས་དང་། གཞན་ཡང་དགའ་ལྡན་ཁྲི་ཐོག་སོ་ལྔ་པ་དཀོན་མཆོག་ཆོས་འཕེལ་སོགས་རིམ་པར་བྱོན་པ་རྣམས་ཀྱིས་འཆད་ཉན་ཤིན་ཏུ་ལེགས་པར་མཛད་པ་ལས་། ཚད་མའི་གཞུང་ལ་སློབ་གཉེར་བྱེད་པའི་གྲྭ་ཚང་གཙོ་བོ་ཞིག་ཏུ་གྱུར་ཡོད་པ་དང་། ད་ལྟའི་ཆར་བསླབ་པ་མཐར་སོན་གྱི་ལྷ་རམ་དགེ་བཤེས་ལྔ་དང་། གསེར་ཁྲི་དགེ་བཤེས་བཅུ་གཅིག དགེ་ལུགས་རྒྱུགས་སྤྲོད་དུ་ཕེབས་བཞིན་པ་བཅུ་གཉིས་ཡོད་པ་རེད་འདུག

མོན་གྷོ་གསར་འགོད་པས།

Share this:
༢༧༣ ཀློག་གྲངས།