ཨང་རྩིས་སློབ་དེབ་རྩོམ་སྒྲིག་པའི་ས་མིག་གསལ་བསྒྲགས།

༄༅། །འདི་ག་ཤེས་རིག་ལས་ཁུངས་ལ་གཞི་རིམ་འོག་མའི་ཨང་རྩིས་སློབ་དེབ་རྩོམ་སྒྲིག་པ་གཅིག་སྡེ་ཚན་འགན་འཛིན་གནས་རིམ་ཐོག་ཆོད་གན་བསྐོ་གཞག་གནང་འཆར་ལགས་ན། གཤམ་གསལ་དགོས་མཁོའི་ཆ་རྐྱེན་ཚང་ཞིང་ཞུགས་བློ་ཡོད་རིགས་ཚོས་སོ་སོའི་ལག་འཁྱེར་ཡིག་ཆ་ཁག་དང་སྦྲགས་འཚང་སྙན་ཕྱི་ལོ་༢༠༡༢ ཟླ་༧ ཚེས་༣༠ འགྱངས་མེད་འབུལ་དགོས་པ་དང།

འཚང་སྙན་ནང་སོ་སོའི་འབྲེལ་གཏུགས་ཞལ་པར་ཨང་གྲངས་དང་ཨི་མེལ་ཁ་བྱང་ངེས་པར་འཁོད་དགོས། གོང་འཁོད་དུས་བཀག་རྗེས་འཚང་སྙན་ཕུལ་འབྱོར་རིགས་རང་བཞིན་གྱིས་རྩིས་མེད་གཏོང་རྒྱུ་དང་། ཆ་རྐྱེན་ཚང་བའི་སྙན་འབུལ་བ་རྣམས་འདི་ནས་ཚོགས་ཆུང་ཆེད་འཛུགས་ཀྱིས་ཨིན་བོད་གཉིས་ཀྱི་འདེམས་རྒྱུགས་གཏོང་རྒྱུ་ཡིན།

དགོས་ངེས་ཆ་རྐྱེན།
1.    ཉུང་མཐའི་ཤེས་ཚད་ཉེ་བའི་གཙུག་ལག་རབ་འབྱམས་པའམ་(BA)དེ་དང་མཉམ་པའི་ཤེས་ཚད་ཡོད་པ།
2.    ཉུང་མཐར་འཛིན་རིམ་བཅུ་གཉིས་བར་ཨང་རྩིས་སློབ་གཉེར་མཐར་སོན་པ།
3.    ཉུང་མཐར་ལོ་གཉིས་རིང་ཤེས་ཡོན་དང་འབྲེལ་བའི་ལས་ཀའི་ཉམས་མྱོང་ཡོད་པ།
4.    ཕྱི་ལོ་༢༠༡༢།༣།༣༡ བར་འབུལ་འབབ་གཙང་ཟིན་གྱི་དང་བླངས་དཔྱ་དངུལ་ལག་དེབ་ཀྱི་ཤོག་ངོས་དང་པོ་དང་མཐའ་མའི་འདྲ་བཤུས།
5.    ཁྲིམས་མཐུན་དུས་འགྱངས་ཞུས་པའི་སྐྱབས་བཅོལ་ལག་དེབ་ཀྱི་ཤོག་ངོས་དང་པོ་དང་མཐའ་མའི་འདྲ་བཤུས།
6.    ངོས་འཛིན་ཡོད་པའི་སྨན་ཁང་ཞིག་ནས་གཟུགས་ཐང་ལས་འཕེར་ཡིན་པའི་སྨན་པའི་ངོས་སྦྱོར།
7.    ད་ལྟ་སྡེ་ཚན་གང་རུང་དུ་ལས་ཞབས་ཞུ་མུས་ཡིན་ཚེ་ལས་ཡུལ་ནས་དགག་བྱ་མེད་པའི་ངོས་སྦྱོར།
8.    རང་ཉིད་ཀྱི་ལོ་རྒྱུས་དང་ལས་དོན་ཉམས་མྱོང། ཤེས་ཡོན་གྲུབ་འབྲས་བདེན་དཔང་བཅས།
གོང་གསལ་ལག་འཁྱེར་ཁག་ལ་རང་གཞུང་ལས་ཁུངས་ཁག་གི་ཟུང་དྲུང་ཡན་དང་ས་གནས་འགོ་འཛིན་ཡང་ན་བོད་མིའི་སློབ་གྲྭའི་སློབ་སྤྱི་བཅས་གང་རུང་གི་ངོ་འདྲ་ཧེ་བག་མེད་པའི་དག་མཆན་ངེས་པར་འཁོད་དགོས་པ་བཅས་ཀྱི་གསལ་བསྒྲགས་སུ། ཤེས་རིག་ལས་ཁུངས་ནས། ཕྱི་ལོ་༢༠༡༢ ཟླ་༦ ཚེས་༢༩ ལ།

Email:    doe.educouncil@tibet.net

Share this:
༤༤ ཀློག་གྲངས།