ཡུལ་མིའི་ལས་འགན་གྱི་འགན་ཁུར་རོགས།

བོད་མི་ཚང་མས་བཅའ་ཁྲིམས་དོན་ཚན་༡༣ ནང་དུ་འཁོད་པའི་བོད་ཀྱི་ཡུལ་མིའི་ལས་འགན་བསྒྲུབ་ཐུབ་པའི་འགན་ཁུར་བཞེས་རོགས། བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་༣༨༦ ཕྱི་ལོ་༢༠༡༢།༥། ༡༦ འཁོད་པའི་ནང་

མགོ་བརྗོད་དུ་གླིང་ཚ་ཚེ་བརྟན་རྡོ་རྗེས་བསྐྱར་དུ་གོམ་བགྲོད་འགོ་བཙུགས་འདུག་ཟེར་བའི་གསར་གནས་དེ་ཀློག་སྐབས། ང་ལ་བསམ་ཚུལ་གང་བྱུང་བ་དེ་འདིར་མང་ཚོགས་དང་ཁྲིམས་ཀྱིས་དབང་བསྒྱུར། ལྷག་པར་བཅའ་ཁྲིམས་དོན་ཚན་༡༥ ནང་དུ་གསལ་བའི་བོད་དོན་བདེན་མཐའ་གསལ་ཐབས་ལ་འགན་ཁུར་ནས་གླེང་འདོད་བྱུང། བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེར་བརྩི་བཀུར་དང་ཡིད་ཆེས་བློ་གཏད་ཉམས་ལེན་ཞུ་ཐུབ་མཁན་གྱི་བོད་མི་དྭངས་མ་ཞིག་ཡིན།

གླིང་ཚ་ཚེ་བརྟན་རྡོ་རྗེ་མ་བུ་གསུམ་གྱི་རྒྱལ་ཞེན་གྱི་བསམ་བློ་དང། ལྷག་བསམ་གྱི་འགན་ཁུར་བརྒྱུད་ནས་ཞི་བའི་གོམ་བགྲོད་ལ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་གཙོས་པའི་གཞུང་དང་། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སྐྱིད་སྡུག་མི་སྒེར་སོགས་ནས། རྒྱབ་སྐྱོར་ཞུ་མ་ཐུབ་ན་ཡང་ཟུར་ཟའི་སྐྱོན་བརྗོད་ཀྱིས་བསྒྲགས་གཏམ་སྤེལ་རྒྱུ་དེ་དག་བོད་མིའི་ཆིག་སྒྲིལ་དང་། གདུང་སེམས་མཉམ་བསྐྱེད་ཟེར་བའི་ཁ་གཡང་ཆེན་པོའི་གཏམ་དང་ཕྱོགས་འགལ་དུ་ཕྱིན་ནས། དགྲ་དགའ་གཉེན་སྡུག་གི་བྱ་སྤྱོད་ཅིག་ལ་ངོས་འཛིན་རྒྱུ་ཡིན། ཐོག་མར་དྷ་ས་ནས་བསྐྱོད་སྐབས། བོད་མིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་དང་མི་མང་གིས་དགའ་བསུའི་ཕེབས་སྐྱེལ་བྱས་ཡོད་ན་ཡང་། ལམ་བར་ནས་རྒྱ་གར་གྱི་རྒྱལ་དར་དང། བལ་ཡུལ་གྱི་རྒྱལ་དར། རྒྱལ་ནག་གི་རྒྱལ་དར། བོད་ཀྱི་རྒྱལ་དར་བཅས་བང་བསྒྲིགས་ཏེ་ཁྱེར་ཡོད་པས། བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་མི་མང་ཁྲོད་རྒྱ་ནག་གི་རྒྱལ་དར་ཁྱེར་མཁན་ལ་ངོ་རྒོལ་ཡོད་སྐོར་བརྗོད་མཁན་བྱུང་ཡོད་པ་རེད་ཅེས་བཀོད་འདུག་ན། གླིང་ཚ་ཚེ་བརྟན་རྡོ་རྗེ་མ་བུ་གསུམ་གྱི་འཆར་གཞི་ལ་ཚོགས་སྐྱིད་ཁག་ནས་ཐོག་མ་ཉིད་ནས་རྒྱུས་ལོན་ཐུབ་པའི་དཔྱད་ཞིབ་ནན་མོ་དང་། གོ་རྟོགས་ཀྱི་ནུས་པའི་མ་འདང་བར་རང་མིང་གྲགས་ཐབས་དང་རང་ཁེ་ལོན་ཐབས་སུ་ཧོལ་རྒྱུག་བྱས་པར་ངོས་འཛིན་ཞུ་ཡི་ཡོད་ལ། དབུ་མའི་ལམ་མི་མང་ལས་འགུལ་ཁང་ནས་རྒྱ་ནག་གི་རྒྱལ་དར་འཕྱར་བར་རྒྱབ་སྐྱོར་ཡོད་པ་དང་། གཞན་གྱིས་ཀྱང་དེ་ལྟར་འཕྱར་རོགས་ཞེས་འབོད་སྐུལ་བྱས་པ་ནི་ལུག་གི་ལུད་ལ་ར་མས་ངོ་སོ་གཏོང་རྩིས་མ་རེད་དམ།

དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་ཚོགས་པའི་ངོས་ནས་རྒྱ་ནག་གི་རྒྱལ་དར་འཕྱར་རྒྱུའི་གྲ་སྒྲིག་མེད་ན་གཞན་ལ་རྒྱུད་སྐུལ་བྱ་རྒྱུའི་ཀུན་སློང་དེ་གང་ནས་ཉོས་པ་ཡིན། དེ་ཡང་གསལ་པོ་བཟོ་དགོས་པ་དང། བཀའ་དྲུང་སྐུ་ངོ་གཡུ་ཐོག་ཀརྨ་དགེ་ལེགས་ཀྱིས། དེའི་ཐོག་བཀའ་ཤག་ནས་རྒྱ་ནག་གི་རྒྱལ་དར་མེར་བསྲེག་གཏོང་རྒྱུ་དང། ཡང་ན་རྒྱ་ནག་གི་རྒྱལ་དར་འཕྱར་ནས་འགྲོ་མཁན་གཉིས་ཀར་མོས་མཐུན་དང་རྒྱབ་སྐྱོར་མེད་ཅེས་ཚིག་ཐག་ཆོད་པོས་འགན་ཁུར་བསླངས་འདུག་ན། རྒྱ་ནག་གི་རྒྱལ་དར་མེར་བསྲེག་རྒྱུ་དང་རྒྱ་ནག་གི་རྒྱལ་དར་འཕྱར་ནས་འགྲོ་མཁན་དེ་དག་བཀའ་ཤག་གི་ལམ་སྟོན་ལྟ་གྲུབ་གསུམ་ལས། ཞི་བ་དང་ཁྲིམས་དང་མཐུན་པ་ཆེ་མཐོང་དང་ལྡན་པ་ཟེར་བ་དེ་དག་དང་། མ་མཐུན་པའི་གསལ་བཤད་ཕེབས་དགོས་པ་ལས་གཉིས་ཀར་མོས་མཐུན་དང་རྒྱབ་སྐྱོར་མེད་ཅེས་ཚིག་དུམ་ཞིག་གིས་ཚིག་གི་མདུད་པ་ནམ་ཡང་དཀྲོལ་མི་ཐུབ་པ་དང། བཀའ་ཤག་གི་ལས་འགུལ་ག་འདྲ་ཞིག་ལ་རྒྱབ་སྐྱོར་དང་ལམ་སྟོན་གནང་གི་ཡོད། དེ་ཡང་མང་ཚོགས་ནས་གསལ་པོར་ཤེས་ཐུབ་པ་དེ་བཅའ་ཁྲིམས་དོན་ཚན་༡༥ ནང་དུ་གསལ་བའི་བོད་དོན་བདེན་མཐའ་གསལ་ཐབས་ལ་མེད་དུ་མི་རུང་བའི་ཆབ་སྲིད་ཀྱི་དགོས་མཁོ་གལ་ཆེན་ཞིག་ལ་སོང་། འདིར་བཀའ་ཤག་ནས་གསལ་པོ་བཟོ་དགོས་པ་དང་། སྤྱི་འཐུས་ཚོགས་གཙོ་སྐུ་ངོ་སྤེན་པ་ཚེ་རིང་གིས་བོད་མིར་རང་སྲིད་རང་སྐྱོང་རག་ན་དེའི་སྐབས་རྒྱ་དར་འཕྱར་དགོས་མིན་བལྟ་དགོས་པ་རེད་ཅེས་དང་། བོད་མིའི་ལས་འགུལ་སྤེལ་སྐབས་དེ་སྔོན་ཡང་རྒྱ་དར་འཕྱར་མེད་པ་དང་མ་འོངས་པར་ཡང་འཕྱར་དགོས་པའི་རྒྱུ་མཚན་མི་འདུག་ཅེས་གསུངས་ཡོད་པ་རེད་ཅེས་གསལ་འདུག་ན། བཅའ་ཁྲིམས་དོན་ཚན་༡༥ ནང་དུ་གསལ་བའི་བོད་དོན་བདེན་མཐའ་གསལ་ཐབས་ཀྱི་ལས་འགུལ་དེ་ཁ་བཀྲམ་ནས་མི་རེའི་ལག་ཏུ་དར་ཆ་རེ་དང་། མི་རེའི་འཆར་གཞི་རེ་དང་མི་རེའི་ལས་འགུལ་དང་མི་རེའི་ཁ་ནས་འགྲེལ་བཤད་རེ་དང་། མི་རེས་ལམ་རེ་བཏོན་ཏེ་བོད་དོན་བདེན་མཐའ་གསལ་ཐབས་ཀྱི་ལས་འགུལ་ནང་ཞི་བའི་མི་མང་གཡས་འཐེན་གཡོན་འཐེན་གྱི་ནུས་མེད་ཆབ་སྲིད་ལས་འགུལ་ནང་མཉམ་ཞུགས་བྱ་དགོས་པར། ཁྲིམས་བཟོ་སྤྱི་འཐུས་གྲོས་ཚོགས་ནས་བཅའ་ཁྲིམས་དོན་ཚན་༡༥ ནང་དུ་གསལ་བའི་བོད་དོན་བདེན་མཐའ་གསལ་ཐབས་ལ་འགན་ཁུར་ནས་བོད་མི་གཞིས་བྱེས་གཉིས་ནས་ཆབ་སྲིད་ཀྱི་ལྟ་བ་གཅིག་དང་། འཆར་གཞི་གཅིག ལངས་ཕྱོགས་གཅིག རྣམ་འགྱུར་གཅིག འགྲེལ་བཤད་གཅིག དར་ཆ་གཅིག འགོ་ཁྲིད་གཅིག་གི་འོག་ཏུ་ལས་འགུལ་གཅིག་གྱུར་ཏུ་སྤེལ་ཐུབ་པའི་ལམ་སྟོན་གྱིས། ཁྲིམས་ལུགས་སམ་སྒྲིག་གཞི་བཟོ་དགོས་པ་དེ་བཀའ་ཤག་གི་ལྟ་གྲུབ་ཆིག་སྒྲིལ་དང་། གསར་བཏོད། རང་ཁ་རང་གསོ་ལ་གྲོས་ཚོགས་འཐུས་མིའི་ཐུགས་འགན་བཞེས་དགོས་པ་དེ། གལ་ཆེན་ཞིག་ཡིན་པར་ངོས་འཛིན་དང་བཅས་བོད་མི་ཚང་མས་བཅའ་ཁྲིམས་རིན་པོ་ཆེར་ཡིད་ཆེས་དང། བློ་གཏད་བརྩི་བཀུར་ཉམས་ལེན་ཞུས་ནས་བཅའ་ཁྲིམས་དོན་ཚན་༡༥ ནང་དུ་གསལ་བའི་བོད་དོན་བདེན་མཐའ་གསལ་ཐབས་ལ། བཅའ་ཁྲིམས་དོན་ཚན་༡༣ ནང་དུ་འཁོད་པའི་བོད་ཀྱི་ཡུལ་མིའི་ལས་འགན་བསྒྲུབ་ཐུབ་པའི་འགན་ཁུར་བཞེས་དགོས་པ་དེ། ད་ལྟའི་ཛ་དྲག་གི་གནས་བབ་ནས་ང་ཚོར་ངོ་སྤྲད་པའི་བསླབ་བྱ་ཞིག་མ་རེད་དམ། །

ཀོ་ལི་སྒར་གཞིས་ཆགས་གྲོང་སྡེ་ཨེལ་ཨང་༢༩ ནང་སྡོད་གཞུང་པ་ཚེ་དབང་བསོད་ནམས་ནས།

Share this:
༥༡ ཀློག་གྲངས།