ཀོ་ལེ་གྷལ་དུ་སྐུའི་འཁྲུང་སྐར་བསྲུང་བརྩི་བྱས་པ།

ཟླ་འདིའི་ཚེས་ ༦ ནས་ཉིན་གཉིས་ཀྱི་རིང་ལ་རྒྱ་གར་ལྷོ་ཕྱོགས་ཀོ་ལེ་གྷལ་དོན་ལྡན་གླིང་མི་མང་གིས་གྲུབ་དབང་རྫོགས་ཆེན་དགོན་པའི་ཉེ་འགྲམ་དུ་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་སྲུང་བརྩི་བྱས་ཡོད་པ་རེད།

དེ་ཡང་ཚེས་ ༦ ཞོགས་པར་ས་གནས་འགོ་འཛིན་ལས་ཁང་དང་ས་གནས་འཐུས་ཚོགས། ས་གནས་རང་བདེན་ཚོགས་ཆུང་། མཉམ་འབྲེལ། ས་གནས་གཞོན་ནུ་དང་བུད་མེད་ལྷན་ཚོགས་སོགས་ཀྱི་གནད་ཡོད་མི་སྣ་རྣམས་རྒྱལ་བའི་ཕོ་བྲང་དུ་འཛོམས་ཐོག་༧གོང་ས་མཆོག་གི་སྐུ་པར་མཐོང་གྲོལ་ཆེན་མོར་མན་ཌལ་རྟེན་གསུམ་འདེགས་འབུལ་དང་མཇལ་དར་ཕུལ་རྗེས། ལྷ་རྒྱལ་རིར་བསང་གསོལ་འཕྲིན་བཅོལ་བྱེད་པ་སོགས་གཞུང་འབྲེལ་སྔོན་འགྲོའི་བྱེད་སྒོ་རྣམས་གྲུབ་རྗེས། ༧རྒྱལ་བའི་སྐུ་པར་རིན་པོ་ཆེ་རྫོགས་ཆེན་དགོན་པའི་དགེ་འདུན་པས་སྤོས་འདྲེན་རོལ་མོའི་བསུ་མས་གདན་འདྲེན་ཞུས་ནས་མི་མང་འདུ་འཛོམས་ཚོགས་མགོན་དུ་བཞུགས་སུ་གསོལ་བ་དང་། འཁྲུངས་སྐར་སྲུང་བརྩི་དངོས་སུ་འགོ་བཙུགས། འཁྲུངས་སྐར་ཉི་མོར་སྐུ་མགྲོན་གཙོ་བོ་ཀོ་ལེ་གྷལ་གྲོང་སྡེ་ལས་ཁུངས་ཀྱི་K.M སུ་རེ་ཤུ་ཀུ་མར་སོགས་འབྲེལ་ཡོད་རྒྱ་གར་དཔོན་རིགས་དང་། ས་གནས་འགོ་འཛིན་དང་། ས་འཐུས།  རང་བདེན་ཚོགས་ཆུང་གི་ཚོགས་གཙོ་དང་། རྫོགས་ཆེན་དགོན་པའི་མཁན་སྤྲུལ་རྣམ་པ། དེ་མིན་གྲོང་དགོན་གཉིས་ཀྱི་སེར་སྐྱ་མི་མང་མཉམ་འཛོམས་ཀྱིས་འཕགས་བོད་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་བླང་རྗེས་ས་གནས་འགོ་འཛིན་ཕུན་ཚོགས་ཚེ་རིང་གིས་བཀའ་ཤག་གི་གསུང་འཕྲིན་དང་། ས་འཐུས་ཚོགས་གཙོ་ཀརྨས་སྤྱི་འཐུས་ལྷན་ཁང་གི་གསུང་འཕྲིན་བཅས་སྒྲོགས་སྦྱང་བྱས། ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ་ངག་དབང་དང་སྐུ་མགྲོན་གཙོ་བོ་བཅས་ནས་འཁྲུང་སྐར་སྲུང་བརྩི་དང་འབྲེལ་བའི་གསུང་བཤད་གནང་སོང་།

དེ་རྗེས་དགའ་སྟོན་རྟེན་འབྲེལ་ཆེད་སློབ་ཕྲུག་གི་གཞས་དང་ཞབས་བྲོ་འཁྲབ་ཡོད་པ་དང་། ཉིན་རྒྱབ་ས་གནས་གཞོན་ནུའི་གོ་སྒྲིག་འོག་འཁྲུངས་སྐར་སྲུང་བརྩིའི་ཆེད་རྐང་རྩེད་སྤོ་ལོ་འགྲན་སྡུར་བྱེད་བཞིན་པའི་རྩེད་འགྲན་མཐའ་མ་བྱས་ནས་རྩེད་འགྲན་གྱི་མཐའ་མའི་རྒྱལ་ཁ་ གྲོང་སྡེ་ C དང་གཉིས་པ་ T ལ་ཐོབ་ཡོད་པ་རེད་ལ། ཉིན་གཉིས་པར་ཡང་མི་མང་མཉམ་འཛོམས་ཐོག་གྲོང་སྡེ་ ༢༢ སོ་སོས་གཞས་སྣ་འཁྲབ་སྟོན་བྱས་པ་དང་། མཚན་མོར་ཕྲུ་གུའི་ཤེས་ཡོན་ཚོགས་ཆུང་ཁག་གི་དབར་རིག་གཞུང་འཁྲབ་སྟོན་འགྲན་སྡུར་སོགས་བྱས་ནས་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་ལ་བསྲུང་བརྩི་བྱས་སོང་ལ། འཁྲུངས་སྐར་སྐབས་ས་གནས་རྒྱ་གར་ཡུལ་མིའི་སློབ་གྲྭ་ ༡༡ ནང་མངར་ཟས་སྤྲད་ཡོད་པ་རེད།། མེ་སོར་གསར་འགོད་པས།

Share this:
༡༢༥ ཀློག་གྲངས།