ལྷོ་ཤར་ཨེ་ཤི་ཡའི་མཐུན་ཚོགས་ཀྱི་ཚོགས་ཆེན།

༢༠༡༢-༧-༩ ལྷོ་ཤར་ཨེ་ཤི་ཡའི་མཐུན་ཚོགས་ཀྱི་ཕྱི་སྲིད་བློན་ཆེན་ཁག་གི་ཚོགས་ཆེན་ཐེངས་༤༥ པ་དེ་ཕྱི་ཚེས་༩ ཉིན་ཀམ་བྷོ་ཌི་ཡའི་རྒྱལ་ས་པུ་ནོམ་པེན་དུ་འཚོགས་ཡོད་པ་དང་། ཚོགས་ཐོག་དེར་འབྱུང་འགྱུར་ཕྱི་ལོ་༢༠༡༥ བར་ས་ཁུལ་དེའི་རྒྱལ་ཁབ་ཁག་གི་ཆབ་སྲིད་བརྟན་ལྷིང་དང་།

ཞི་བདེ་ལྷིང་འཇགས། ཟས་རིགས་དང་ནུས་རྫས་ཀྱི་བདེ་འཇགས། དཔལ་འབྱོར། རིག་གཞུང་སོགས་འདྲ་མཉམ་གྱིས་འཕེལ་རྒྱས་གཏོང་ཕྱོགས་སྐོར་ལ་གྲོས་བསྡུར་བྱེད་ཀྱི་ཡོད་པ་རེད།

ཚོགས་ཆེན་གྱི་མཛད་སྒོར་ཀམ་བྷོ་ཌི་ཡའི་སྲིད་བློན་ཧུན་སེན་གྱིས་བརྗོད་དོན། “དེ་རིང་གི་ཚོགས་ཆེན་འདི་ཚོགས་པ་དབུ་བརྙེས་ནས་ལོ་ངོ་༤༥ འཁོར་བའི་དུས་དྲན་དང་ཁེལ་ཡོད་པ་མ་ཟད། ལྷོ་ཤར་ཨེ་ཤི་ཡའི་ཚོགས་སྡེ་ཁག་གིས་ཕྱི་ལོ་༢༠༡༥ བར་མཐུན་འབྲེལ་གྱི་སྤྱི་ཚོགས་འཛུགས་བསྐྲུན་བྱེད་རྒྱུར་འབད་བརྩོན་བྱེད་བཞིན་པའི་སྐབས་སུ་ཚོགས་ཐུབ་པ་བྱུང་ཡོད་”ཅེས་བརྗོད་ཡོད་པ་རེད།

ཁོང་གིས་མུ་མཐུད་བརྗོད་དོན། “ལོ་༤༥ རྗེས་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཚོགས་འདི་ཉིད་ད་ཆ་ཆབ་སྲིད་དང་དཔལ་འབྱོར་སོགས་གང་ཅིའི་ཐད་ནས་ནང་ཁུལ་སེམས་ཐག་ཉེ་པོའི་ངང་མཉམ་གནས་ཐུབ་པའི་མཐུན་ཚོགས་ཤིག་ཆགས་ཡོད་པས་ཨེ་ཤི་ཡའི་ནང་མིག་དཔེ་ལྟ་ས་ཞིག་དང་། ལྷག་པར་འཛམ་གླིང་གི་རྒྱལ་ཁབ་དང་ཚོགས་སྡེ་ཆེ་ཁག་གི་རོགས་ཟླ་ཞིག་ཆགས་ཡོད་”ཅེས་འགྲེལ་བརྗོད་བྱས་ཡོད་པ་རེད།

“ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཚོགས་ཀྱིས་ད་ལྟ་བར་ཕྱོགས་གང་ཅི་ཐད་ནས་གྲུབ་འབྲས་རྒྱ་ཆེན་པོ་ཐོན་ཡོད་”ཅེས་དང་། གྲུབ་འབྲས་དེ་དག་ནི་ནང་ཕན་ཚུན་བློས་གཏོང་ཆེན་པོ་དང་མཛའ་བརྩེའི་དམ་བཅའ་གཙང་མ་ལས་བྱུང་བ་སྨྲོས་མེད་རེད། དེས་ང་ཚོར་རྡོག་རྩ་གཅིག་སྒྲིལ་དང་། གདུང་སེམས་མཉམ་བསྐྱེད། མཉམ་ལས་དང་མཛའ་གྲོགས་ཀྱི་འདུ་ཤེས་སོགས་ཀྱི་བསམ་བློ་བསྐྲུན་ཡོད་”ཅེས་བརྗོད་ཡོད་པ་རེད།

ཁོང་གིས་མུ་མཐུད་བརྗོད་དོན། གྲུབ་འབྲས་དེ་དག་ལ་མ་ལྟོས་པར། ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཚོགས་ཀྱིས་ཕྱི་ནང་གསང་གསུམ་གྱི་དཀའ་སྡུག་འདྲ་མིན་ལ་གདོང་ལེན་བྱེད་དགོས་བྱུང་ཡོད་པ་དང་། དཔལ་འབྱོར་ཉམས་རྒུད་བསྐྱར་གསོ་དང་། ཡུ་རོབ་རྒྱལ་ཁབ་ཁག་ལ་བུ་ལོན། དེ་བཞིན་ད་ལྟ་འགྲོ་བཞིན་པའི་དཀྱིལ་ཤར་ཨེ་ཤི་ཡའི་སྤྱི་ཚོགས་དང་ཆབ་སྲིད་ཀྱི་དཀའ་ངལ། དེ་བཞིན་བྱང་ཨ་ཧྥི་རི་ཀའི་སྣུམ་དང་ཟས་རིགས་དང་། ནུས་རྫས་སོགས་ཀྱི་བདེ་འཇགས། འབྱུང་གཞིའི་གནོད་འཚེ། འཇིགས་སྐུལ་རིང་ལུགས། རྒྱལ་མཚམས་ཁག་ཏུ་ནག་ཉེས་སོགས་ཀྱི་དཀའ་ངལ་འཕྲད་མུས་ཡིན་པས། དཀའ་ངལ་དེ་དག་གིས་མཐུན་ཚོགས་ཀྱི་བརྟན་ལྷིང་དང་ཡར་རྒྱས་ལ་ཉེན་ཁ་སྤྲད་ཀྱི་ཡོད་པ་རེད་”ཅེས་སྲིད་བློན་ཧུན་སེན་གྱིས་ངོ་སྤྲོད་བྱས་ཡོད་པ་རེད།

དེ་བཞིན་ཁོང་གིས་“རྒྱ་ནག་ལྷོ་ཕྱོགས་ཀྱི་མཚོ་འགྲམ་གྱི་ས་མཚམས་ཁག་གི་དཀའ་རྙོག་ཐོག་གཏན་འབེབས་བྱས་པའི་གྲོས་ཆོད་རྣམས་ལག་བསྟར་ཐུབ་པར་ནན་ཏན་གྱིས།  དཀའ་ངལ་དེ་དག་སེལ་ཐབས་དམིགས་སུ་བཀར་ནས་གྲོས་བསྡུར་ལྷུག་པོ་བྱེད་རྒྱུ་དང་། ལྷག་པར་གཞུང་འབྲེལ་གྱིས་དེ་རིང་ལྷོ་ཤར་ཨེ་ཤི་ཡའི་ཞི་བདེ་དང་འདུམ་སྒྲིག་ཁང་དངོས་སུ་འཛུགས་ཐུབ་པར་གྲོས་ཆོད་འཇོག་དགོས་ཀྱི་འདུག་”ཅེས་མཛད་སྒོའི་གཏམ་བཤད་ནང་བརྗོད་ཡོད་པ་རེད།

ཀམ་བྷོ་ཌི་ཡའི་ཕྱི་སྲིད་བློན་ཆེན་ཧོར་ནམ་ཧོང་གིས་“ལྷོ་ཤར་ཨེ་ཤི་ཡའི་མཐུན་ཚོགས་འདི་ཆིག་སྒྲིལ་དང་གདུང་སེམས་མཉམ་བསྐྱེད་ཀྱིས་ཆབ་སྲིད་དང་དཔལ་འབྱོར། སྤྱི་ཚོགས་བཅས་ཀྱི་ཐད་ནས་ཡར་རྒྱས་སྔོན་ཐོན་དང་མཉམ་འབྲེལ་དམ་ཟབ་ཕྱོགས་སུ་འགྲོ་བཞིན་ཡོད་པས་ཞི་བདེ་དང་དཔལ་ཡོན་འཕེལ་རྒྱས་ཐོག་ཞབས་འདེགས་ཆེན་པོ་བསྒྲུབས་ཡོད་”ཅེས་བརྗོད་ཡོད་པ་རེད།

ལྷོ་ཤར་ཨེ་ཤི་ཡའི་ཚོགས་ཆེན་ཐེངས་༤༥ པའི་ཐོག་ཕྱི་སྲིད་བློན་ཆེན་ཁག་གི་ཚོགས་ཆེན་གྲུབ་རྗེས་སུ། བློན་ཆེན་ཁག་གིོ་ཚོགས་ཆེན་གཞན་ཞིག་དང་། ལྷོ་ཤར་ཨེ་ཤི་ཡའི་ས་གནས་བགྲོ་གླེང་སྐབས་༡༩ པ་དང་། ཤར་གླིང་ཨེ་ཤི་ཡའི་ཚོགས་འདུ་སོགས་ཟླ་འདིའི་ཚེས་༡༣ ཉིན་འཚོག་རྒྱུ་ཡིན་པ་རེད།

བགྲོ་གླེང་གི་བརྗོད་གཞི་གཙོ་ཆེ་ཤོས་ནི་ཡུ་རོབ་མཐུན་ཚོགས་ཀྱི་གྲུབ་འབྲས་དང་། ཨེ་ཤི་ཡའི་ས་ཁུལ་གྱི་ཞི་བདེ་དང་བདེ་འཇགས། མཐུན་སྒྲིལ་དང་མཉམ་ལས་ཀྱི་ཆིངས་ཡིག་ཅེས་པའི་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ནང་ཁུལ་གྱི་ཆིངས་དོན་བཅས་ཀྱི་སྐོར་ལ་ཡིན་པ་གསར་འགོད་གསལ་བསྒྲགས་ཤིག་་སྤེལ་ཡོད་པའི་ནང་བཀོད་ཡོད་པ་རེད།

ལྷོ་ཤར་ཨེ་ཤི་ཡའི་མཐུན་ཚོགས་ཀྱི་ཚོགས་ཆེན་གྲུབ་རྗེས་མཚན་རྟགས་བསྡུ་འགོད་ཀྱི་མཛད་སྒོ་ཞིག་འཚོག་རྒྱུ་ཡིན་པ་དང་། ས་ཁུལ་དེར་རྡུལ་ཕྲན་མཚོན་ཆ་མེད་པའི་ས་ཁུལ་ཞིག་བསྐྲུན་རྒྱུའི་ཆིངས་ཡིག་ཅིག་མཉམ་འབྲེལ་གྱིས་གཏན་འབེབས་བྱེད་ཀྱི་ཡིན་པ་རེད།

ལྷོ་ཤར་ཨེ་ཤི་ཡའི་མཐུན་ཚོགས་ནང་བྷུ་རུ་ནེ། ཀམ་བྷོ་ཌི་ཡ། ཨིན་དྷོ་ནེ་ཤི་ཡ། ལའོ་སི། མ་ལེ་ཤི་ཡ། འབར་མ། ཧྥིལ་ལིབ་པིན། སིངྒ་པུར། ཐའེ་ལན་ཌི། ཝི་ཏི་ནམ་བཅས་ཡོད་པ་རེད།

Share this:
༣༧ ཀློག་གྲངས།