ཨབ་གྷན་གྱི་མ་འོངས་པ་ཞེས་པའི་རྒྱལ་སྤྱིའི་ཚོགས་ཆེན།

ཕྱི་ཚེས་༨ ཉིན་ཨབ་གྷན་གྱི་ཆེད་དུ་རྒྱལ་སྤྱིའི་ཚོགས་ཆེན་ཞིག་ཉི་ཧོང་གི་རྒྱལ་སར་འཚོགས་པ་དང་། ཨབ་གྷན་གྱི་སྲིད་འཛིན་སོགས་རྒྱལ་ཁབ་ཆེ་ཁག་གི་དཔོན་རིགས་རྣམས་ཚོགས་འདུ་བཅར་ནས་འབྱུང་འགྱུར་ལོ་བཞིའི་ནང་ཚུན་ཨབ་གྷན་ཡར་རྒྱས་གཏོང་ཆེད་རྒྱལ་ཁབ་ཁག༨༠ ལྷག་གི་འཐུས་མི་ཡིས་ཨ་སྒོར་ཐེར་འབུམ་༡༦ གི་རོགས་བསྐྱོར་གནང་རྒྱུར་དམ་བཅའ་བྱས་ཡོད་མོད། དེའི་ནང་ཨ་རིའི་རོགས་དངུལ་མེད་པ་རེད།

སྐབས་དེར་ཨ་རིའི་རྒྱལ་དོན་དྲུང་ཆེ་ཧི་ལ་རི་ཀི་ལིན་ཊོན་གྱིས་ཨབ་གྷན་གྱི་བུད་མེད་ཐོབ་ཐང་ཆེད་བུད་མེད་ནི་རྒྱལ་ཁབ་འདིའི་མ་འོངས་པའི་ཡར་རྒྱས་ཡོང་བར་མེད་དུ་མི་རུང་བའི་ཆ་ཤས་ཤིག་ཏུ་འགྱུར་དགོས་ཞེས་བརྗོད་འདུག

ཁོང་གི་འབོད་སྐུལ་དེ་ནི་ཨབ་གྷན་དུ་བུད་མེད་ལོ་༢༢ ཅན་ཞིག་ལ་ལོག་གཡེམ་བྱས་པའི་སྐྱོན་བརྗོད་འོག་མི་མང་གིས་དམར་གསད་བཏང་བའི་བརྙན་འཕྲིན་ཞིག་ཐོན་རྗེས་བཏང་བ་ཞིག་ཡིན་པ་དང་། ད་ལྟ་བྱང་ཨེ་ཊ་ལེན་ཊིག་ཆིངས་དོན་སྒྲིག་འཛུགས་ཀྱི་དམག་ཨབ་གྷན་ནས་ཕྱིར་འཐེན་བྱས་པ་ནས་བཟུང་། རྒྱལ་ས་ཀ་བྷུལ་ནང་དཀའ་སྡུག་དང་ཉེན་ཁ་འཕྲད་བཞིན་ཡོད་པ་རེད། ལྕམ་ཀི་ལིན་ཊོན་ཨབ་གྷན་གྱི་མ་འོངས་པ་ཞེས་པའི་རྒྱལ་སྤྱིའི་ཚོགས་ཆེན་ཐོག་ཚོགས་བཅར་ཐོག་གཏམ་བཤད་ཅིག་སྤེལ་བའི་ནང་། “ཨ་རིས་རྒྱལ་ཁབ་སུ་འདྲ་ཞིག་ཡིན་ནའང་མི་མང་ཕྱེད་ཀ་ལ་དབང་སྟོབས་མ་སྤྲད་ན་ཞི་བདེ་དང་། བརྟན་ལྷིང་། དཔལ་འབྱོར་ཡར་རྒྱས་སོགས་ཡོང་གི་མ་རེད་ཅེས་”ཅེས་བརྗོད་ཡོད་པ་རེད།

ཁོང་གིས་བརྗོད་དོན། ཨབ་གྷན་གྱི་མི་མང་སྤྱི་དང་ལྷག་པར་བུད་མེད་ཚོར་དཔལ་འབྱོར་གྱི་གོ་སྐབས་འདྲ་མཉམ་དང་། ལྐོག་ཟ། གཞུང་གི་འཛིན་སྐྱོང་སོགས་ཁྲིམས་ཐོག་ནས་ཡར་རྒྱས་བཏང་ཏེ་ཐོབ་ཐང་གཅིག་མཚུངས་སྤྲད་ན་ཡར་རྒྱས་འགྲོ་ངེས་རེད་ཅེས་བརྗོད་འདུག

“མི་སེར་ཚང་མར་ཨབ་གྷན་ཡར་རྒྱས་ཡོང་བར་གོ་སྐབས་འདྲ་མཉམ་སྤྲད་དགོས་ཀྱི་ཡོད་པ་རེད། ཨ་རི་ནི་རྟག་ཏུ་མུ་མཐུད་ནས་ཨབ་གྷན་གྱི་བུད་མེད་ཚོའི་རྒྱབ་ལ་ལངས་ཀྱི་རེད་”ཅེས་ཁོང་གི་གཏམ་བཤད་སྤེལ་ཞིང་། བུད་མེད་ན་གཞོན་ཞིག་དམར་གསོད་བའི་བརྙན་འཕྲིན་དེས་ཡུལ་ལུང་འདིར་བུད་མེད་ཀྱི་གནས་སྟངས་སྐྱོ་བོ་ཡིན་པ་མངོན་ཐུབ་པ་དང་། དེ་ནི་སྔོན་ཏ་ལི་བྷན་གྱིས་༡༩༩༦ ནས་༢༠༠༡ བར་ཨབ་གྷན་བཟུང་བའི་སྐབས་ཀྱི་གནས་སྟངས་ལ་འགྱུར་བ་ཕྱིན་མེད་པ་ལྟ་བུ་སྟེ། སྐབས་དེ་དུས་བུད་མེད་ཀྱི་ཀུན་སྤྱོད་ཅུང་ཙམ་མ་འགྲིག་ཚེ་དམར་གསོད་དང་ཉེས་རྡུང་གཏོང་རྒྱུ་སོགས་སྤྱིར་བཏང་ཞིག་ཡིན་པ་རེད།

བརྙན་འཕྲིན་དེའི་ནང་ནཱ་ཇི་བྷ་ཞེས་པའི་བུད་མེད་ཞིག་ལ་རྒྱལ་ས་ཀ་བྷུལ་གྱི་བྱང་ཕྱོགས་ལ་ཡོད་པའི་པར་ཝང་མངའ་སྡེའི་ཁ་འོལ་གྲོང་པ་ཞེས་པའི་ནང་སྐྱེས་པ་མང་པོ་འདུས་སར་མེ་མདའ་ཐེངས་དགུ་བརྒྱབ་ནས་དམར་གསད་བཏང་ཡོད་པ་རེད། བུད་མེད་དེས་ཏ་ལི་བྷན་གྱི་ཚོགས་པའི་དམག་མི་ཞིག་ལ་ཆང་ས་བརྒྱབ་པ་དང་། ཏ་ལིི་བྷན་གྱི་དམག་དཔོན་ཞིག་དང་ལུས་འབྲེལ་བྱས་པའི་སྐྱོན་འཛུགས་བྱས་ཡོད་སྐོར་པར་མངའ་སྡེའི་མགྲིན་ཚབ་པ་རོ་ཤི་ན་ཁ་ལིད་ཀྱིས་ཕྱི་ཚེས་༨ ཉིན་ཨེ་ཨེ་ཧྥི་པི་གསར་ཁང་ལ་འགྲེལ་བརྗོད་བྱས་ཡོད་པ་རེད།

“ཆུ་ཚོད་གཅིག་ནང་ལ་ཁོང་ཚོས་བུད་མེད་དེར་ཉེས་པ་འདུག་ཅེས་བརྗོད་ནས་དམར་གསོད་བཏང་བ་རེད། ཁོང་ཚོས་བུད་མེད་དེའི་གྲོང་པའི་མི་མང་མདུན་ནས་མེ་མདའ་བརྒྱབ་ནས་བསད་སོང་”ཞེས་བུད་མེད་དེ་ཕྱི་ཟླ་དྲུག་པའི་ཟླ་འཇུག་ཏུ་དམར་གསོད་བཏང་ཚུལ་སྐོར་ལ་འགྲེལ་བརྗོད་བྱས་ཡོད་པ་རེད། དམར་བསད་བཏང་བའི་རྗེས་སུ་གྲོང་པ་ཚོས་བརྙན་འཕྲིན་དེ་མངའ་སྡེའི་གཞུང་ལ་ཕུལ་བ་དང་། བདེ་འཇགས་ལྷན་ཚོགས་ནས་བྱེད་གཏེ་སུ་ཡིན་འཚོལ་བཞིན་ཡོད་པ་རེད་ཅེས་མུ་མཐུད་ནས་བརྗོད་འདུག ཨབ་གྷན་གཞུང་གིས་བསྒྲགས་གཏམ་ཞིག་སྤེལ་བ་དང་། དེའི་ནང་“དམར་གསོད་གཏོང་མཁན་གྱི་ལག་དམར་བ་ཚོར། ཁ་ཆེའི་ཆོས་དང་མི་མཐུན་པ་དང་། འགྲོ་བ་མིའི་ཀུན་སྤྱོད་ལས་ཡོངས་སུ་འགལ་བའི་བྱ་སྤྱོད་འདིར་ངོ་རྒོལ་ཤུགས་ཆེར་ཡོད་པ་མ་ཟད། གཞུང་གིས་པར་ཝང་ཉེན་རྟོག་པར་ལག་དམར་བྱེད་གཏེ་རྣམས་འཛིན་བཟུང་གིས་ཁྲིམས་སར་ཁྲིད་དགོས་”་ཞེས་འཁོད་ཡོད་པ་རེད། ཨ་རིའི་གཞུང་གིས་བརྗོད་དོན་ལྟར་ན། ལྕམ་ཀི་ལིན་ཊོན་རེས་གཟའ་སྤེན་པ་ཉིན་རྒྱལ་ས་ཀ་བྷུལ་དུ་སྲིད་འཛིན་ཧ་མིད་ཀར་ཛཱའེ་ཐུག་འཕྲད་སྐབས་སུ་ཨབ་གྷན་བུད་མེད་ཀྱི་ཐོབ་ཐང་གི་གནད་དོན་ཐད་གླེང་སློང་གནང་འདུག་ཅེས་བརྗོད་ཡོད་པ་རེད།

Share this:
༡༠༤ ཀློག་གྲངས།