བུད་མེད་ཅིག་ཡིན་བསམ་ནས་སོ་སོར་མཐོང་ཆུང་བྱེད་དགོས་དོན་མེད།

དེ་རྗེས་དེ་བས་བོད་ཡིག་སྦྱོང་བའི་ཁོར་ཡུག་ཆ་ཚང་དང་བྲལ་སོང་བ་རེད། ངས་རྒྱ་ཡིག་ཐོག་ནས་རྒྱ་ནག་གི་ལོ་རྒྱུས་དང་ས་ཁམས། དངོས་ཁམས་དང་རྩིས་གཉེར། ཁྲིམས་ལུགས་སོགས་ཤེས་བྱ་སྣ་མང་ལ་སློབ་སྦྱོང་བྱས་ཀྱང༌། རང་རིགས་ཀྱི་ཤེས་བྱ་ཡོན་ཏན་སྦྱང་མ་མྱོང་བ་དེ་ང་རང་ལ་མཚོན་ན་སེམས་ཕམ་དགོས་པའི་གནས་ཚུལ་ཞིག་རེད། ང་རང་མཐོ་སློབ་ཐོན་རྗེས་རང་ཡུལ་དུ་རྒྱ་གཞུང་རྫོང་སྲིད་གཞུང་གི་ནོར་སྲིད་སྡེ་ཚན་དུ་ལས་དོན་བསྒྲུབས་པ་དང༌། ཕྱི་ལོ་༡༩༩༨ལོར་སྐྱབས་བཅོལ་དུ་འབྱོར། དགའ་འོས་པ་ཞིག་ལ་ང་རང་གསོག་སྒར་སློབ་གྲྭར་རང་རིགས་ཀྱི་སྐད་ཡིག་ཉུང་ཙམ་སྦྱོང་བའི་གོ་སྐབས་བྱུང༌། འོན་ཀྱང་སློབ་ཡུན་ཐུང་བའི་རྐྱེན་གྱིས་མུ་མཐུད་སློབ་གཉེར་གཏིང་ཟབ་ཅིག་བྱེད་རྒྱུ་མ་བྱུང༌། རང་གི་རིག་གཞུང་དང་སྐད་ཡིག་མི་ཤེས་པ་དེ་ནི་ང་ལ་མཚོན་ན། ཆེས་ངོ་ཚ་དགོས་པའི་གནས་ཚུལ་ཞིག་རེད་ལ། དཀའ་ངལ་ཆེ་ཤོས་ཤིག་ཀྱང་རེད།
དྲི་བ། བུད་མེད་ཚོས་གཞུང་ལས་དང་ཁྱིམ་ལས་ཕྱོགས་གཉིས་འཐུས་ཚང་ཡོང་ཐབས་གང་འདྲ་དགོས་སམ།
ལན། བུད་མེད་ལ་ཁྱིམ་ཚང་དགོས་ལ་མི་ཚེའི་མདུན་ལམ་ཡང་དགོས་པ་རེད། ཁྱིམ་ཚང་གི་ཨ་མ་བཟང་པོ་ཞིག་དང་གཞུང་ལས་ཐོག་ཡར་ཐོན་གྱི་མི་སྣ་ཞིག་བྱ་དགོས་ན། ཚང་མ་བུད་མེད་སོ་སོའི་ལག་པར་ཡོད་པ་རེད་བསམ་གྱི་འདུག ཐོག་མར་ཕྱོགས་གཉིས་ཀྱི་བྱ་བཞག་ཐོག་བཀོད་སྒྲིག་ལེགས་པོ་ཡོད་པའི་ཐོག་ནས་དུས་ཚོད་དམ་འཛིན་དགོས་པ་གལ་ཆེན་པོ་རེད། གོ་རིམ་དང་འཆར་གཞི་ཡོད་པའི་ཐོག་ནས་ཁྱིམ་ཚང་དང་གཞུང་ལས་ཕྱོགས་གཉིས་ཀྱི་ལས་དོན་ལེགས་གྲུབ་ཡོང་ཐབས་དགོས་པ་རེད། དེ་ལྟར་གོ་རིམ་དང་འཆར་གཞིར་བརྟེན་ནས་ཧུར་ཐག་བྱས་ན། བུད་མེད་ཅིག་གི་ངོས་ནས་སྤྱི་ལས་དང་ཁྱིམ་ལས་གཉིས་ཀྱི་དོན་དག་ལེགས་པོ་ཡོང་ཐུབ་ཀྱི་རེད།
དྲི་བ། བུད་མེད་ཀྱི་ཤེས་རིག་ཡར་རྒྱས་དང་སྤྱོད་པ་བཟང་པོ་ཡོང་ཐབས་གང་འདྲ་དགོས་སམ།
ལན། ཐོག་མར་ང་ཚོས་ྋགོང་ས་མཆོག་གི་དབུ་ཁྲིད་འོག་ཤེས་ཡོན་སློབ་གསོ་ལྟར་ལས་དོན་སྒྲུབ་དགོས་པ་དང༌། གང་ཟག་སུ་འདྲ་ཞིག་ཡིན་ཡང་སློབ་སྦྱོང་བྱེད་དགོས་པ་ནི་ཤིན་ཏུ་གལ་འགངས་ཆེ་བའི་གནད་དོན་ཞིག་རེད། བུད་མེད་ཀྱི་ངོས་ནས་བཤད་ན་དེ་བས་གལ་ཆེ་བའི་བྱ་བ་ཞིག་རེད། གང་ཡིན་ཟེར་ན། ལོ་རྒྱུས་ཀྱི་རྐྱེན་གྱིས་སྤྱི་ཚོགས་ཀྱི་ཁོར་ཡུག་ཆེན་མོར་ད་དུང་ཡང་བུད་མེད་ལ་ལོག་ལྟ་འཛིན་མཁན་ཡོད་པ་རེད། དེ་འདྲའི་གནས་སྟངས་འོག་སྲོལ་རྒྱུན་ནས་བུད་མེད་ཀྱི་ལས་དོན་དབྱེ་འབྱེད་ཡོད་པའི་ཤུགས་རྐྱེན་ཐེབས་ཡོད་སྟབས། གལ་ཏེ་སྤྱི་ཚོགས་ཀྱི་ངོས་ནས་བུད་མེད་ལ་སྤྱི་ཁྱབ་ཀྱི་ལྟ་སྟངས་ཤིག་འཛིན་དགོས་ན། ཐོག་མ་ཉིད་ནས་འབད་བརྩོན་ལྷོད་པ་མེད་པར་བྱེད་དགོས་ཀྱི་འདུག དམིགས་བསལ་དུ་ང་ཚོ་བོད་ཀྱི་བུད་མེད་རྣམས་ཀྱིས་ཕྱི་གླིང་བུད་མེད་ཚོར་མང་ཙམ་ལྟ་ཐུབ་པ་དགོས་ལ། ཁོ་ཚོའི་བཤད་ཕོད་པ་དང༌། བྱེད་ཕོད་པའི་ཀུན་སྤྱོད་དེ་ཚོར་སློབ་སྦྱོང་བྱེད་དགོས༌། དཔེར་ན་རྒྱ་གར་གྱི་བུད་མེད་ཕུལ་བྱུང་བ་སོ་ནིའི་ཡ་གྷན་རྡི་ནི་ཆབ་སྲིད་མཁས་ཅན་ཞིག་རེད། དེའང་མོ་རང་གྷན་རྡིའི་ཁྱིམ་ཚང་དུ་མནའ་མར་ཕྱིན་པའི་རྒྱུ་མཚན་གྱིས་མ་རེད་སྙམ། མོ་རང་ཆབ་སྲིད་ཐད་བྱང་ཆུབ་པ་དེ་ཧང་སང་དགོས་པ་ཞིག་རེད། ད་དུང་འབར་མའི་དམངས་གཙོའི་འཐབ་རྩོད་པ་ཨན་སན་སུན་ཅིའ་ལྟ་བུའི་བུད་མེད་ཀྱང་ཡོད་ལ། དེ་སྔོན་པཱ་ཀི་སི་ཐན་གྱི་སྲིད་འཛིན་ཟུར་པ་བྷུ་ཏོ་སོགས་འཛམ་གླིང་གི་ཕུལ་བྱུང་བུད་མེད་དེ་འདྲ་ཡོད་པ་རེད། ཁོང་ཚོ་ནི་ང་ཚོའི་མིག་དཔེར་འཛིན་འོས་ལ། ཁོང་ཚོར་སློབ་སྦྱོང་ཡང་བྱེད་དགོས་པ་རེད། ང་ཚོ་བོད་ཀྱི་བུད་མེད་ཚོས་མིག་རྒྱང་རིང་ཙམ་ལ་བལྟ་ཐུབ་པ་དགོས་ཤིང༌། བུད་མེད་ཅིག་ཡིན་བསམ་ནས་སོ་སོར་མཐོང་ཆུང་བྱེད་དགོས་དོན་མེད། དེ་འདྲའི་མིག་རྒྱང་བསྲིང་མ་ཐུབ་ན་ད་དུང་ཡང་དུས་རབས་བཅུ་བདུན་པའི་ཁོར་ཡུག་ལྟར་གནས་ན་ག་ལ་འགྲིག ང་ཚོ་བུད་མེད་ཀྱི་ངོས་ནས་ཀྱང་དཔའ་ངར་ཞུམ་མེད་ཀྱིས་ཤེས་བྱ་གང་མང་ལ་འབད་བརྩོན་བྱེད་རྒྱུ་གལ་ཆེན་པོ་རེད། བུད་མེད་རང་ངོས་ལ་དོན་དམ་གྱི་ཤེས་བྱ་ཡོན་ཏན་ཚད་མཐོ་ཙམ་ལྡན་པའི་ཐོག་མུ་མཐུད་འཕེལ་རྒྱས་དང་ཡར་ཐོན་ལ་ཁ་ཕྱོགས་དགོས་པར་བརྟེན། བོད་ཀྱི་བུད་མེད་ཚོར་ཤེས་ཡོན་སློབ་སྦྱོང་གི་གནད་དོན་དང་གལ་ཆེའི་རང་བཞིན་གྱི་གོ་རྟོགས་དགོས་པ་དང༌། མི་ཚེའི་ནང་སློབ་སྦྱོང་མཐིལ་ཕྱིན་པ་ཞིག་བྱེད་བསམ་པའི་འདུ་ཤེས་ཀྱང་འཛིན་དགོས་པ་གལ་ཆེ། དེ་ལྟར་ཕྱོགས་སྣེ་མང་གི་ཤེས་བྱར་སྦྱང་བརྩོན་ཡོད་པའི་ཐོག་ནས་ཤེས་ཡོན་གྱི་ཆུ་ཚད་མཐོ་རུ་གཏོང་བ་དང༌། བསམ་སྤྱོད་ཀྱི་སྤུས་ཚད་ཇེ་ལེགས་སུ་བཏང་ནས་བོད་ཀྱི་བུད་མེད་ཕུལ་བྱུང་ཞིག་བྱ་དགོས་པ་རེད།།

Share this:
༡༠༥ ཀློག་གྲངས།