དྲི་བའི་ལན་འདེབས་ལ་གསལ་བཤད།

སྲིད་བྱུས་འདི་ལ་ངས་ངོ་རྒོལ་གྱི་རྩོམ་བྲིས་བོད་ཀྱི་བང་ཆེན་གསར་ཤོག་འདོན་ཐེངས་༡༡༢ ཐོག་བོད་རང་བཙན་བྱུང་ན་རྒྱ་རྒྱ་ཡུལ་ན་སྐྱིད། བོད་བོད་ཡུལ་དུ་སྐྱིད། ཅེས་པ་དང༌། གསར་ཤོག་འདོན་ཐེངས་༡༧༨ ཐོག་བོད་རང་བཙན་རྩོད་ལེན་གྱི་ལས་འགུལ་སྤེལ་དགོས། ཞེས་པ་སྤེལ་ཡོད། དམངས་གཙོ་ཞེས་པ་མི་འཐད་པ་དང༌། མང་གཙོ་ཟེར་དགོས་གསུངས་ཀྱང༌། དེབ་ཆུང་དེར་ཤོག་ངོ་༢༧ པར་ རྒྱལ་བ་རིན་པོ་ཆེའི་གསུང་བཤད་བཀོད་པའི་ནང༌། ཤོག་ངོ་༣༡ པར། བོད་ཆོལ་ཁ་གསུམ་དབུས་གཙང་དང་ཁམས། ཨ་མདོ་ཡོངས་རྫོགས་སྤྱིའི་བདེ་རྩ་དང༌། མི་དམངས་དང་དེའི་ཁོར་ཡུག་རྣམས་སྲུང་སྐྱོབ་བྱེད་ཆེད་མི་དམངས་ཀྱི་འདོད་བློ་གཙོ་བཟུང་གིས་ཁྲིམས་ལུགས་གཞིར་བཟུང་བཙུགས་པའི་རང་སྲིད་རང་འཛིན་གྱི་དམངས་གཙོའི་ཆབ་སྲིད་ཀྱི་གོང་བུ་ཞིག་ཏུ་བསྒྱུར་རྒྱུ་དེས་རྒྱ་ནག་མི་དམངས་སྤྱི་འཐུན་རྒྱལ་ཁབ་དང་མཉམ་མཐུན་བྱ་རྒྱུ་ཡིན། ཞེས་སོགས་གསལ་བས་དམངས་གཙོ་ཞེས་པའི་ཚིག་བེད་སྤྱོད་བྱེད་དགོས། མང་གཙོ་ཟེར་བའི་ཚིག་དེ་ཕྱིས་སུ་བཀའ་སྤྱིས་གསར་བཟོ་གནང་བ་ཞིག་རེད་སྙམ། དེས་མ་ཚད་ཚིག་དེ་གཉིས་ཀྱི་གོ་དོན་ཡང་མི་འདྲ་སྟེ། དམངས་གཙོ་ཟེར་བ་མི་དྲག་བླ་དྲག་ལས་མི་མང་དཀྱུས་མའི་བདེ་དོན་གཙོར་བཟུང་བྱེད་དགོས་པའི་དོན་ཡིན་ལ། མང་གཙོ་ཟེར་ན་ཁྱི་མང་པོ། རྟ་མང་པོ། གནག་ཕྱུགས་མང་པོ་སོགས་ཀྱང་ཟེར་རུང་བས་མི་དམངས་དཀྱུས་མ་ཁོ་ནར་གོ་མི་ཐུབ། ༡༩༤༩ ས་གླང་ལོར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་ནས་རིམ་པས་བོད་ས་ཡོངས་རྫོགས་འཕྲོག་སྟེ་དམངས་གཙོ་བཅོས་བསྒྱུར་བྱས་པས་བོད་མི་དམངས་གཞི་ནས་རྨོངས་གཉིད་སད་དེ་སྔོན་ཆད་བོད་སྡེ་པ་གཞུང་གི་སྐུ་དྲག་ཚོ་དང༌། སེ་འབྲས་དགའ་གསུམ་གྱིས་སྲིད་དབང་བཟུང་ནས་མི་དམངས་བཤུ་གཞོག་བྱས་པ་ཤེས། དེའི་སྔོན་དུ་བླ་དཔོན་རྣམས་གཙོ་བོ་ཡིན་པས་དམངས་གཙོ་ཟེར་བའི་ཚིག་དེ་བོད་ནང་མེད། དུས་ཚོད་འགྱུར་ལྡོག་ཆེན་པོ་དེའི་འོག་ནས་བོད་མི་གང་འཚམས་རྒྱ་གར་དུ་སྐྱབས་བཅོལ་སླེབས་ནས་སྤྱི་ཚོགས་རྙིང་པའི་ལུགས་སྲོལ་གྱིས་ཁུངས་མི་འཁྱོལ་བར་ཤེས་ནས་སྐྱབས་བཅོལ་བོད་གཞུང་དམངས་གཙོའི་ལུགས་སུ་བཙུགས་པ་རེད། ངས་ཉུང་མཐའ་བོད་མི་དམངས་བརྒྱ་ཆ་༧༥ ཙམ་བོད་ནང་ཡོད་པས་ཞེས་བྲིས་པར༌། བརྒྱ་ཆ་༧༥ དེ་མང་མཐའ་ཡིན་པ་ལས་ཉུང་མཐའ་ལ་ངོས་འཛིན་པ་མི་འཐད་གསུངས་ཀྱང༌། ཕྱི་རྒྱལ་ལ་བཙན་བྱོལ་དུ་འབྱོར་བ་༡༩༧༠ དོན་གྲངས་ནང་སྭ་ཛར་ལེནྡིར་བོད་མི་༨༠༠ སྐོར་དང༌། ༡༩༩༠ གོ་གྲངས་ནང་ལྷོ་བྱང་ཨ་མི་རི་ཀའི་ནང་བོད་མི་༧༠༠༠ ལྷག་ཙམ་ལས་མེད་ཅིང༌། དེ་རྗེས་ད་བར་ལོ་༡༨ ནང་རྒྱ་བལ། ཨ་རི། ཡུ་རོབ་སོགས་སུ་བོད་མི་ཉུང་ཙམ་རེ་འབྱོར་མུས་ཡིན་ཡང༌། བོད་ཆོལ་ཁ་གསུམ་ནང་ད་ལྟ་ཡོད་པའི་བོད་མི་གྲངས་འབོར་དང་བསྡུར་ན་བོད་མི་བརྒྱ་ཆ་༧༥ བོད་ནང་ཡོད་ཟེར་ཆོག ཙམ་སྒྲས་བོད་མི་བརྒྱ་ཆ་༧༥ལས་ལྷག་བོད་ནང་ཡོད་པར་གོ་དགོས། ཕྱི་རྒྱལ་དུ་བོད་མི་མང་མཐའ་འབུམ་ཕྲག་༡༠ ཡོད་པར་ཆ་བཞག་ཀྱང་བོད་ནང་ཡོད་པའི་བོད་མི་གྲངས་འབོར་ཆེས་མང་བ་བོད་དུ་ལྟ་སྐོར་བའི་ངག་ལམ་སོགས་ལས་ཤེས་གསལ་ཡིན།    མདོར་ན་ངའི་སྲིད་དོན་ལྟ་བ་ནི། གཞིས་ལུས་བོད་རྒྱ་ཆེའི་མི་དམངས་ཀྱིས་༡༩༥༩ ལོ་ནས་ད་བར་བོད་རང་བཙན་གྱི་ཆེད་དུ་རྒྱ་དམར་ལ་ངོ་རྒོལ་བྱེད་བཞིན་པའི་ནང་ཚེ་སྲོག་ཤོར་བའི་གཤིན་པོ་རྣམས་ཀྱི་ཁ་ཆེམས་དང༌། གསོན་པོ་རྣམས་ཀྱི་རེ་འདུན་དེ་གཙོ་ཆེ་བར་བཟུང་ནས་བོད་རང་བཙན་ལེན་ཐབས་ལ་འབད་དགོས་པ་དེ་ཡིན། བདེན་ཚིག་སྨོན་ལམ་དུ། རིང་ནས་སྙིང་དུ་བརྣག་པའི་འདོད་པའི་དོན། ཡོངས་རྫོགས་བོད་ལྗོངས་རང་དབང་གཙང་མའི་དཔལ། ལྷུན་གྲུབ་ཆོས་སྲིད་ཟུང་འབྲེལ་དགའ་སྟོན་ལ། སྤྱོད་པའི་སྐལ་བཟང་མྱུར་བ་ཉིད་དུ་སྩོལ། ཞེས་ཁ་ནས་འདོན་རྒྱུ་དང༌། སེམས་ཀྱིས་སྨོན་རྒྱུ་གཅིག་མཚུངས་ཡིན་ལགས།།

Share this:
༨༠ ཀློག་གྲངས།