ལྷོ་ཨ་ཧྥི་རི་ཀའི་མཉམ་འབྲེལ་མཐུན་ཚོགས་ཀྱི་ཚོགས་གཙོ་བུད་མེད་ཐོག་མ།

ཕྱི་ཚེས་༡༦ ཉིན་ལྷོ་ཨ་ཧྥི་རི་ཀའི་ཆབ་སྲིད་པ་བུད་མེད་ཅིག་ཨ་ཧྥི་རི་ཀའི་མཉམ་འབྲེལ་མཐུན་ཚོགས་ཀྱི་ཚོགས་གཙོར་བདམས་ཡོད་པ་དང་། དེ་ནི་བུད་མེད་འགོ་ཁྲིད་དང་པོ་དེ་ཡིན་པ་རེད།

ལྷོ་ཨ་ཧྥི་རི་ཀའི་ནང་སྲིད་བློན་ཆེན་དྷི་ལ་མི་ནི་ཛུ་མ་ཨ་ཧྥི་རི་ཀའི་གླིང་ཆེན་གྱི་རྒྱལ་ཁབ་ཁག་གི་འགོ་ཁྲིད་རྣམས་ནས་ཨི་ཐོ་པི་ཡར་ཚོགས་བཞིན་པའི་ཚོགས་ཆེན་སྐབས་སུ་ཨ་ཧྥི་རི་ཀའི་མཉམ་འབྲེལ་མཐུན་ཚོགས་ཀྱི་ཚོགས་གཙོ་འོས་འདེམས་བྱུང་ཡོད་པ་དང་། དེ་ནི་མཐུན་ཚོགས་འདིའི་ལོ་རྒྱུས་ནང་བུད་མེད་ཚོགས་ཐོག་མ་དེ་ཆགས་ཡོད་པས། ཁོང་གི་རྒྱབ་སྐྱོར་བ་ཚོས་“ང་ཚོར་རྒྱལ་ཁ་འདི་ཐོབ་པར་བཟོས་པ་རེད”་ཅེས་འབོད་སྒྲ་སྒྲོག་བཞིན་དགའ་སྟོན་བྱས་ཡོད་པ་རེད།

“ཨ་ཧྥི་རི་ཀའི་གླིང་ཆེན་དགའ་འོས་པ་ཞིག་ནི། ཁོང་གི་གླིང་ཆེན་འདིའི་བུད་མེད་ཀྱི་སྟོབས་ཤུགས་ཆེ་ར་གཏོང་གི་ཡོད་པ་རེད་”ཅེས་ལྷོ་ཨ་ཧྥི་རི་ཀའི་སྲིད་འཛིན་ཇེཀ་ཁོབ་ཛུ་མས་བརྗོད་ཡོད།

དྷི་ལ་མི་ནི་ཛུ་མ་ནི་ཕྱི་ལོ་༡༩༦༣ ནས་ཨ་ཧྥི་རི་ཀའམ་ཧྥེ་གླིང་མཉམ་འབྲེལ་མཐུན་ཚོགས་མགོ་ཚུགས་ནས་བཟུང་བུད་མེད་ཀྱི་ཚོགས་གཙོ་ཐོག་མ་དེ་གྱུར་ཡོད་པ་རེད།

ཁོ་མོར་རྟག་ཏུ་གླིང་ཆེན་འདིའི་དབུལ་ཕོང་གི་དཀའ་རྙོག་དང་མཁྲེགས་འཛིན་གྱི་སྐྱོན་བརྗོད་ཁྲོད་གདོང་ལེན་ཐོག་དཀའ་ངལ་ཚད་མེད་འཕྲད་མྱོང་བའི་བུད་མེད་ཅིག་ཡིན་པ་རེད།

མཐུན་ཚོགས་ཀྱི་ཚོགས་གཙོའི་འོས་འདེམས་ཕྱི་ཟླ་༡ ནས་བཟུང་ཟླ་བ་དྲུག་རིང་བྱས་ཤིང་། མི་མང་པོ་ཞིག་གིས་དྷི་ལ་མི་ནི་ཛུ་མར་འོས་ཐོབ་པའི་རེ་བྱས་མེད་པ་རེད།  དེ་ཡང་གླིང་ཆེན་གྱི་མཉམ་འབྲེལ་མཐུན་ཚོགས་ལ་ཞབས་འདེགས་མང་ཤོས་སྒྲུབ་མཁན་རྒྱལ་ཁབ་ལྔ་པོ་སྟེ། ནི་ཇེ་རི་ཡ་དང་། ཨེ་ཇེབ་ཊ། ལིབ་ཡ། ཨལ་ཇེ་རི་ཡ། ལྷོ་ཨ་ཧྥི་རི་ཀ་བཅས་ཡིན་པས། མཐུན་ཚོགས་ཀྱི་ཚོགས་གཙོའི་འོས་མིར་ཡོང་ན་དྲང་པོ་མེད་པ་ཆགས་ཀྱི་འདུག་ཅེས་སྐྱོན་བརྗོད་བྱེད་མཁན་མང་པོ་བྱུང་ཡོད་མོད། མཐར་རྒྱལ་ཁབ་དེ་ལྷོ་ཨ་ཧྥི་རི་ཀའི་བུད་མེད་དེར་ཐོབ་ཡོད་པ་རེད། མཐུན་ཚོགས་ཀྱི་ཚོགས་གཞོན་ཀེན་ཡ་ནས་ཡིན་པའི་ཨེ་ར་ས་ཊུ་སི་ལ་སླར་ཡང་རྒྱལ་ཁ་ཐོབ་ཡོད་པ་རེད།

Share this:
༡༤༣ ཀློག་གྲངས།