ནང་ཆོས་དང་འབྲེལ་བའི་དྲི་བ་འགའ།

མཚན་ཉིད་ཚང་བའི་ནང་པ་སངས་རྒྱས་པ་ཞིག་བྱེད་པར་དཀོན་མཆོག་གསུམ་དེ་ཡག་པོ་ཤེས་དགོས་ཀྱི་ཡོད་རེད། དེ་ལ་ཡིད་ཆེས་ཡོང་དགོས་ཀྱི་རེད།
དྲི་བ། སེམས་ཅན་ཐམས་ཅད་རང་གི་ཨ་མ་ཡིན་ཞེས་པའི་གསུང་ཚུལ་དེར་ངོས་འཛིན་གང་འདྲ་དགོས་སམ།
ལན། འདི་ལྟར་བསམ་བློ་གཏོང་རྒྱུ་རེད། ང་ཚོས་ཟེར་ན་ཚེ་འདིའི་མ་རེད་དམ་ཟེར་ན། ཚེ་འདིའི་ཨ་མ་གཅིག་མ་གཏོགས་ཡོད་མ་རེད། ང་ཚོས་སྐྱེ་བ་སྔ་ཕྱི་ཁས་ལེན་གྱི་ཡོད་རེད། སྐྱེ་བ་ལ་ཐོག་མ་ཡོད་མ་རེད་ཅེས་ལབ་ཀྱི་ཡོད་རེད། ཚེ་འདི་རང་ལ་བསམ་བློ་བཏང་བ་ཡིན་ན། ད་ལྟ་ང་ཚོས་ཨ་མ་ཡོད་ལབ་ཀྱི་ཡོད་རེད། དངོས་གནས་སྐྱེ་མཁན་དེ་སྐྱེས་མ་ཐག་པའི་ཕྲུ་གུ་དེའི་ཨ་མ་ཆགས་བསྡད་ཡོད་རེད་མ་གཏོགས། ད་ལྟ་ང་ཚོའི་གཟུགས་པོ་ཆེན་པོ་ཡོད་པ་དེ་ཨ་མའི་ཁོག་པ་ནས་སྐྱེས་ཡོད་མ་རེད། དེ་ལྟར་བསམ་བློ་བཏང་ན་ཨ་མའི་ཁོག་ནས་སྐྱེས་མ་ཐག་པའི་ཕྲུ་གུ་དེའི་ཨ་མ་མ་གཏོགས་ད་ལྟའི་མི་རྒན་རྒོན་དེའི་ཨ་མ་རེད་མི་འདུག་གཱ དེ་འདྲ་རེད་དེ། ང་ཟེར་བ་དེ་ཨ་མའི་ཁོག་པ་ནས་སྐྱེས་པ་ནས་ལོ་དྲུག་ཅུ་བདུན་ཅུ་བསྡད་མཁན་ཞིག་ཡིན་ན། དེ་འདྲའི་རྒྱུན་རིང་པོ་ཞིག་འགྲོ་ཡི་འདུག་གཱ དེ་རྒྱུན་གཅིག་རེད། དེར་བརྟེན་ང་ཚོས་ཨ་མ་ཡིན་ལབ་ཀྱི་ཡོད་རེད། ད་ལྟའི་གཟུགས་པོ་དེ་ཚེ་འདི་རང་ལ་སྐྱེས་པ་རེད་མ་གཏོགས། སེམས་དེ་ཐོག་མ་མེད་པ་ནས་ཡོང་བ་རེད། ང་ཞེས་པ་དེ་ཐོག་མ་མེད་པ་ནས་ཡོང་བ་རེད། ད་ལྟ་ང་ཚོ་མིའི་ལུས་རྟེན་ཡིན་པ་ལ་བརྟེན་ནས་ང་ཞེས་པ་དེ་མི་ཡིན་ཞེས་ཁྱད་པར་འབྱེད་ཀྱི་ཡོད་པ་རེད། སྐྱེ་བ་སྔ་མ་དུད་འགྲོའི་ལུས་རྟེན་ཡིན་ན་ང་ཞེས་པ་དེའི་སྐབས་སུ་དུད་འགྲོ་རེད། ང་ཞེས་པ་ཡོངས་ལ་ཁྱབ་བསྡད་པ་ཞིག་རེད། ང་ཞེས་པ་དེ་ཐོག་མ་མེད་པ་ཆགས་བསྡད་ཡོད་རེད། དེ་ལ་བརྟེན་ནས་སེམས་ཅན་འདི་ངའི་ཨ་མ་བྱས་ཡོད་མ་རེད། འདི་ངའི་ཨ་མ་བྱས་ཡོད་རེད་ཅེས་ཁྱད་པར་འབྱེད་ཐུབ་རྒྱུ་ཁག་པོ་ཆགས་བསྡད་ཡོད་པ་རེད། སེམས་ལ་ཐོག་མ་མེད་པ་ཡིན་སྟབས། སྐྱེ་བ་ལ་ཐོག་མ་ཡོད་པ་མ་རེད། དེ་འདྲའི་ཆ་ནས་སེམས་ཅན་ཐམས་ཅད་རང་གི་མ་ཡིན་ཞེས་ལབ་ཀྱི་ཡོད་པ་རེད། བསམ་བློ་ཡག་པོ་བཏང་ན་དངོས་གནས་ཆགས་བསྡད་ཡོད་རེད། ཚེ་འདི་ལ་བསམ་བློ་བཏང་བ་ཡིན་ནའང་ཕལ་ཆེར་ཏག་ཏག་ཆགས་བསྡད་ཡོད་རེད། ད་ལྟ་ལོ་བདུན་ཅུ་ཡིན་ཡང་ངའི་ཨ་མ་རེད་ཅེས་ལབ་ཀྱི་ཡོད་རེད། དེ་ལ་རིགས་བསྒྲེས་པ་ཡིན་ན་ཏག་ཏག་འགྲིག་བསྡད་ཡོད་རེད།
དྲི་བ། སྐྱེ་བ་སྔ་ཕྱི་ཡོད་པའི་ར་སྤྲོད་གང་འདྲ་བྱེད་དགོས་པ་རེད།
ལན། སྤྱིར་བཏང་དེ་དཀའ་ལས་ཁག་པོ་ཞིག་རེད། ཡིན་ན་ཡང༌། སྐྱེ་བ་སྔ་ཕྱི་ཡོད་མེད་ཀྱི་ཕྱོགས་ཕྱེས་པ་ཡིན་ན་ཡོད་པའི་ཕྱོགས་སུ་དཔེ་མང་གི་རེད། སྒྲུབ་བྱེད་རྒྱུ་མཚན་ཡང་མང་གི་རེད། མེད་པའི་ཕྱོགས་ལ་ཧ་ལམ་ཡོད་མ་རེད་ལབ་ན་འགྲིག་གི་མ་རེད་མ་གཏོགས། ཕལ་ཆེར་མེད་པ་ལྟ་བུ་རེད། ཕྱོགས་གཅིག་ནས་དེང་སང་སྐྱེ་དངོས་ཚན་རིག་གིས་སྐྱེ་བ་སྔ་ཕྱི་ངེས་ཀྱི་ཡོད་མ་རེད་མ་གཏོགས། ཡོད་མ་རེད་ཟེར་གྱི་ཡོད་མ་རེད། ཨ་རིའི་ཚན་རིག་པ་གྲགས་ཅན་ཞིག་གིས་སྐྱེ་དངོས་སྐོར་བྲིས་པ་རེད། དེའི་ནང་ལུས་ཀྱི་བསྡུ་ལེན་དང༌། ཡན་ལག་གི་རྫས་ཀྱི་ཆ་ཤས་མང་པོ་འཛོམས་པ་ལ་བརྟེན་ནས་རེ་རེའི་བྱ་བ་བྱེད་སྟངས་བཤད་ཡོང་གི་འདུག དེ་ལྟར་ཞིབ་ཚགས་ཀྱིས་བསམ་བློ་བཏང་ན། དངོས་གནས་དྲང་གནས་ཀྱི་ཚན་རིག་པ་ཚད་ལྡན་དེ་དག་གིས། ལུས་ཀྱི་ཆ་ཤས་རེ་རེས་བྱ་བ་བྱེད་པའི་བཀོད་སྒྲིག་བྱེད་མཁན་དེ་སུ་རེད་ཅེས་དྲི་བ་མཐའ་མ་དེ་ཡོང་དུས། ཡང་མིན་ན་ལས་རྒྱུ་འབྲས་དང༌། ཡང་མིན་ན་འཇིག་རྟེན་བཀོད་པ་པོའི་སྒང་ལ་འགྲོ་ཡི་འདུག་ཅེས་བཤད་པ་རེད། སྐྱེ་དངོས་ཚན་རིག་དངོས་གནས་ཤེས་མཁན་ཞིག་ཡིན་ན། ལས་རྒྱུ་འབྲས་སྒང་ལ་ཚུར་ཕྱོགས་ཡོང་གི་ཡོད་རེད། ཡོད་མ་རེད་ཁྱོན་ནས་གསུང་གི་ཡོད་མ་རེད། ང་ཚོ་ནང་པས་ཟེར་ན། ཡོད་རེད་གསུང་གི་ཡོད་རེད། དེའི་རྒྱུ་མཚན་ལྟེ་བ་དེ་སེམས་ཞེས་པ་སྒྲུབ་དགོས་པ་དེ་དཔེ་མི་སྲིད་པའི་གལ་ཆེན་པོ་རེད། སྐྱེ་དངོས་ཚན་རིག་གིས་གཟུགས་དང་སྒྲ་གཉིས་ལ་བརྟག་དཔྱད་བྱེད་པ་མ་གཏོགས། སེམས་དེ་ངོས་ཟིན་ནས་བརྟག་དཔྱད་བྱེད་ཐུབ་ཀྱི་མེད་པ་ཡིན་སྟབས། ཡོད་མ་རེད་གསུང་གི་ཡོད་མ་རེད། གང་ལྟར་རྙེད་ཀྱི་ཡོད་མ་རེད། ང་རང་ཚོས་ལུས་ཀྱི་ལོགས་སུ་སེམས་ཞེས་པ་ཁས་ལེན་གྱི་ཡོད་རེད། རྒྱ་གར་ནང་དུ་བརྟག་དཔྱད་བྱས་ནས་སྐྱེ་བ་སྔ་ཕྱི་ཡོད་པའི་དཔང་རྟགས་ཁྲི་གཅིག་ཙམ་རྙེད་པ་རེད། དེའི་ནང་གསལ་ཤོས་ཤིག་ནི། ཕྱི་ལོ་༡༩༩༥ ནང་བྱུང་བ་རེད། ཕྲུ་གུ་གཅིག་ཁང་པའི་ཐོག་ཁ་ནས་ཟགས་ནས་གྲོངས་པ་རེད། གཅིག་རླངས་འཁོར་བརྡབ་སྐྱོན་བྱུང་ནས་གྲོངས་པ་རེད། ཁང་པའི་ཐོག་ནས་ཟགས་མཁན་གྱི་ཕྲུ་གུ་དེ་ཕ་མ་གཉིས་ཚོང་པ་ཡིན་པས་དེ་ལ་གཡེང་ནས་སློབ་གྲྭར་བཏང་མ་ཐུབ་པ་རེད། གཅིག་དེའི་ཕ་མ་གཉིས་ཤེས་ཡོན་ཅན་ཡིན་པས། སློབ་གྲྭར་བཏང་ནས་ཕལ་ཆེར་འཛིན་གྲྭ་ལྔ་པ་དྲུག་པ་ཙམ་སླེབས་ནས། ནང་གི་ཁ་བྱང་དང་ཁ་པར་ཨང་གྲངས་སོགས་འབྲི་ཐུབ་མཁན་ཞིག་རེད། ཁོང་གཉིས་དུས་ཚོད་གཅིག་ལ་གྲོངས་པ་ཡིན་སྟབས། གཉིས་ཀ་སྨན་ཁང་ལ་ཁྱེར་ནས་སྨན་པས་གྲོངས་པའི་སྐབས་ལ་དཔང་རྟགས་ལྟ་བུ་བྱས་པ་རེད། ཕྲུ་གུ་གཉིས་ཀྱི་ཕུང་པོ་ཕར་ཁྱེར་ཚར་བ་དང༌། ཕྲུ་གུ་གཅིག་གི་ཨ་མ་ཡང་བསྐྱར་ཚུར་ཡོང་ནས་ངའི་ཕྲུ་གུ་འགུལ་སྐྱོད་རྒྱག་གི་འདུག་ཅེས་ལབ་དུས། ཕྲུ་གུ་ལ་བརྩེ་བ་ཤུགས་ཆེན་པོ་ཡོད་པའི་རྐྱེན་གྱིས་སྨན་པས་ཨ་མ་དེ་ལ་སེམས་ཀྱི་ན་ཚ་ཕོག་པ་རེད། སེམས་ཁམས་རིག་པའི་སྨན་པའི་སར་འཁྲིད་དགོས་པ་རེད་ལབ་པ་རེད། དེ་རྗེས་མི་བཞི་ལྔ་ཞིག་གིས་ཕྲུ་གུ་འགུལ་སྐྱོད་བྱེད་ཀྱི་ཡོད་སྟབས་ཁྱེར་ཡོང་བ་རེད། སྨན་པ་ཧ་ལས་ནས་བརྟག་དཔྱད་བྱས་དུས་ཕྲུ་གུའི་གཟུགས་པོར་སྐྱོན་ཆེན་པོ་བྱུང་ཡོད་མི་འདུག སྨན་པས་ཕྲུ་གུ་ལ་ཁྱོད་ཀྱི་ཨ་མ་སུ་རེད། མིང་ག་རེ་རེད་ཅེས་དྲིས་དུས། མིང་གཞན་དག་ཅིག་ལབ་པ་རེད། སྨན་པས་དེ་ལུགས་ཕྱི་ལ་ཡོད་པའི་ཨ་མར་སྐད་ཆ་དྲིས་དུས། ཨ་མས་དེ་འདྲ་མ་རེད་ལབ་འདུག ཨ་མ་ནང་ལ་ཁྲིད་སྐབས་ནམ་རྒྱུན་ཕྲུ་གུ་དེས་ཨ་མ་ལ་རྒྱ་གར་སྐད་ཀྱི་མ་ལ་འབོད་སྲོལ་གཉིས་ཡོད་པའི་ནང་ནས་མཱ་མིའི་ཞེས་ལབ་ཀྱི་ཡོད་ཀྱང༌། དེ་དུས་མཱ་ཞེས་ལབ་པ་དང༌། ཨ་མས་བུ་ལ་འཐམ་སྐབས་བུ་དེས་ཁྱོད་རང་སུ་ཡིན་ལབ་པ་རེད། ཨ་མ་ཡང་ཧང་སངས་པ་རེད། ཡང་བསྐྱར་སྐད་ཆ་དྲིས་ནས་ཕྲུ་གུ་དེས་ནང་གི་ཁ་བྱང་དང་ཁ་པར་ཨང་གྲངས་སྤྲད་ནས། ཁོ་རང་གི་ཨ་མ་ཡིན་ལབ་ས་དེར་ཁ་པར་བཏང་ནས་ཨ་མ་སླེབས་པ་རེད། ཨ་མའི་མཉམ་བུ་མོ་ཁ་ཤས་བརྟག་དཔྱད་བྱེད་པའི་ཆེད་དུ་ཁྲིད་ཡོང་བ་དང༌། ཨ་མ་མཐོང་དུས་ཁ་ཐུག་ལ་ཨ་མ་ཞེས་འཐམ་ཡོང་དུས་དེ་ཡང་ཧང་སངས་ནས། ཁྱོད་སུ་ཡིན་ལབ་པ་རེད། ཕྲུ་གུས་དེས་ང་འདི་ཡིན་ཞེས་ཁོ་རང་གཉིས་ཀྱིས་མ་གཏོགས་ཧ་མི་གོ་བའི་གནས་ཚུལ་དེ་འདྲ་ལབ་དུས། ཨ་མ་དེ་ཡང་ཡ་མཚན་སྐྱེས་པ་རེད། མདོར་ན། ཕྲུ་གུ་དེའི་གཟུགས་པོའི་ནང་དུ་ཞུགས་མཁན་དེས་ཡི་གེ་ཚིག་གཅིག་ཤེས་ཀྱི་མེད་ཀྱང༌། དེའི་སྐབས་ཡི་གེ་འབྲི་ཐུབ་ཀྱི་ཡོད་རེད། དེ་སྐྱེ་དངོས་ཚན་རིག་གི་ཐོག་ནས་བཤད་ན་ཡོང་རྒྱུ་མེད་པ་རེད། གང་ཡིན་ཟེར་ན། གཟུགས་པོའི་ནང་དུ་སློབ་སྦྱོང་གི་རྡུལ་ཕྲན་དེ་རྣམས་སྔོན་དུ་གསོག་དགོས་པ་རེད། དེ་ཚོ་ཡ་མཚན་རེད། དེང་སང་ཕར་ཚུར་ར་འཕྲོད་ནས་ཕྲུ་གུ་དེ་ལ་ཕ་མ་བཞི་ཡོད་རེད། ཁོ་རང་གི་མྱོང་ཚོར་ཆ་ཚང་དང༌། གསང་བ་ཚང་མ་བཤད་ཐུབ་ཀྱི་ཡོད་རེད། དེར་བརྟེན་ལུས་ཀྱི་ལོགས་སུ་སེམས་ཞེས་པ་ཞིག་ཡོད་པ་ར་འཕྲོད་ཀྱི་ཡོད་པ་རེད། དེ་དང་འདྲ་བ་སྐྱེ་བ་སྔོན་མའི་གསང་བའི་གནས་ཚུལ་ཆ་ཚང་བཤད་ཐུབ་མཁན་མང་པོ་ཡོང་གི་ཡོད་པ་རེད། ད་ལྟ་དེ་ཡ་མཚན་ཆེ་ཤོས་དེ་རེད། གཅིག་ལ་དེ་འདྲ་ཡོང་གི་ཡོད་ན། གཞན་དག་མ་དྲན་པ་རྣམས་ལ་ཡོད་མ་རེད་ཅེས་ལབ་ཐུབ་ཀྱི་མ་རེད། ལུས་ཀྱི་ཀླད་པ་ལས་ལོགས་སུ་སེམས་ཞེས་པ་ཞིག་ཡོད་རེད་དམ་མ་རེད། དེ་མེད་ན་ད་ལྟའི་གནས་ཚུལ་དེ་ག་འདྲ་བྱས་ནས་ཡོང་བ་རེད།
 འཕྲོས་འདོན་ཐེངས་རྗེས་མར་གཟིགས།

Share this:
༡༩༨ ཀློག་གྲངས།