ཞི་བའི་ཁ་གཡང་འོག་གི་དྲག་པོར་སྐུལ་འདེད།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༣༩༤   ཕྱི་ལོ་ ༢༠༡༢/༧/༡༡
ད་ལྟའི་དུས་རབས་འདིར་འཛམ་གླིང་གི་ཁྱོན་འདིར་ཞི་བའི་ཁ་གཡང་རྒྱ་ཆེན་པོ་ཞིག་སྒྲོག་བཞིན་ཡོད་ཀྱང་། དོན་དུ་ཞི་བའི་འཐབ་རྩོད་བྱེད་མཁན་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གཙོས་ཡུལ་གྲུ་ཁག་གིས་དོ་སྣང་མི་བྱེད་པ་མ་ཟད། དཔེར་ན་བོད་དོན་འཐབ་རྩོད་ཆེད་བོད་མི་བཞི་བཅུ་ལྷག་གིས་རང་ལུས་མེར་སྲེག་གིས་ཞི་རྒོལ་བྱས་པ་དེ་དག་གྲངས་ཀ་ཙམ་དུ་ལྷག་ཡོད་པ་རེད་ཅེས་ཀྱང་བརྗོད་ཆོག

དྲག་པོའི་ཐོག་ནས་རང་དབང་རྩོད་ལེན་བྱེད་མཁན་རྣམས་ལ་རྒྱལ་ཚོགས་ཀྱིས་གཙོས་འཛམ་བུའི་གླིང་ནས་དོ་སྣང་བྱེད་པ་དང། དཔེར་ན་ཉེ་བའི་གནས་ཚུལ་ལ་གཞིགས་ན་ལི་བྷི་ཡའི་གནད་དོན་དང། སི་རི་ཡའི་གནད་དོན་ལ་རྒྱལ་ཚོགས་ཀྱིས་དོ་སྣང་དང་ཐབས་ཤེས་གང་ཡོད་བྱེད་བཞིན་ཡོད་ཀྱང། དྲག་རྒོལ་བྱས་པ་འཚེ་བ་ཡིན་ཚུལ་བརྗོད་ནས་རྒྱང་དུ་བཀྱེད་མཁན་སུ་གཅིག་བྱུང་མེད།

འདས་པའི་ལོ་རྒྱུས་ཐོག་དྲག་པོའི་འཐབ་རྩོད་བྱེད་མཁན་གྱི་ཡུལ་གྲུ་རྣམས་ལ་རྒྱབ་སྐྱོར་བྱེད་མཁན་གང་མང་བྱུང་བའི་ལོ་རྒྱུས་ཡོད་ལ། དཔེར་ན་ཀོ་རི་ཡ་ལྷོ་བྱང་གཉིས་འཐོར་ཞིག་ཏུ་གྱུར་པའི་སྐབས་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་ཁག་ཅིག་གིས་དོ་སྣང་དང་རྒྱབ་སྐྱོར་བྱས་པ་ལྟ་བུ་རེད། དེ་བཞིན་ཡུལ་གྲུ་མང་པོ་ཞིག་ལ་དྲག་པོའི་དམག་གི་ཐོག་ནས་རོགས་རམ་རྒྱབ་སྐྱོར་ཤུགས་ཆེ་བྱེད་བཞིན་ཡོད་པ་དང། བོད་པ་ལྟ་བུ་ཞི་བདེ་ལ་དགའ་བའི་མི་རིགས་ཤིག་གིས་ཞི་བ་ཁོ་ནས་རང་དབང་རྩོད་ལེན་བྱེད་པར་རྒྱལ་སྤྱིའི་ཐོག་ནས་རྒྱབ་སྐྱོར་མི་བྱེད་པ་མ་ཟད། ཐ་ན་རང་ལུས་མེ་སྲེག་གིས་ཞི་རྒོལ་བྱས་པ་དེ་དག་ཀྱང་འཚེ་བ་ཡིན་མིན་དང། ནང་ཆོས་ཀྱི་ལྟ་གྲུབ་དང་མཐུན་མིན་སོགས་གླེང་ནས་སྡོད་པ་ལས། དེ་དག་གི་ཚེ་སྲོག་བློས་བཏང་བའི་དཀའ་སྡུག་གི་རྒྱབ་ལྗོངས་ལ་བསམ་ཤེས་ཁ་ཞེ་གཉིས་མེད་ཀྱིས་བྱེད་མཁན་ཞིག་ཕལ་ཆེར་དཀོན་པོ་ཡིན།

བོད་པའི་འཐབ་རྩོད་ཀྱི་དམིགས་ཡུལ་རང་དབང་དང་རང་བཙན་གཉིས་ཀ་གླེང་མཁན་ཡོད་ཀྱང་། འཐབ་རྩོད་ཀྱི་ཐབས་ལམ་འཚེ་མེད་ཞི་བ་ཁོ་ན་ཡིན་པ་ལ་ད་ལྟའི་ཆར་བསམ་བློ་མི་མཐུན་པ་ཕལ་ཆེར་མེད་ཅེས་བརྗོད་ཀྱང་ཆོག འོན་ཀྱང་རྒྱལ་ཚོགས་ཀྱིས་གཙོས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཞི་བའི་འཐབ་རྩོད་ལ་དོ་སྣང་དང་རྒྱབ་སྐྱོར་གཏན་ནས་མི་བྱེད་པ་དང་། དྲག་པོའི་འཐབ་རྩོད་ལ་རྒྱབ་སྐྱོར་དང་སྐུལ་འདེད་ལུ་གུ་རྒྱུད་དུ་བྱེད་བཞིན་ཡོད་པས། ནམ་ཞིག་བོད་མི་རྒྱལ་གཅེས་དཔའ་བོ་གང་མང་ཞིག་གིས་ད་ལྟའི་ཐབས་ལམ་གྱི་ཁ་ཕྱོགས་ལ་འགྱུར་བ་འགྲོ་སྲིད་པ་འདི་ཉེན་ཁ་ཆེ་ཤོས་ཀྱི་གནད་དོན་ཞིག་ཏུ་གྱུར་ཡོད། གལ་སྲིད་མ་འོངས་པར་འཚེ་མེད་ཞི་བའི་ལྟ་གྲུབ་ལས་བརྒལ་བའི་འཐབ་རྩོད་བྱེད་མཁན་བྱུང་ན་སྐབས་དེ་དུས་ཀྱང་རྒྱལ་ཚོགས་ཀྱིས་ལྟད་མོ་ཁོ་ན་བལྟས་ནས་སྡོད་རྒྱུ་ཡིན་ནམ།
ད་ལྟའི་ཆར་སི་རི་ཡའི་ནང་དྲག་རྒོལ་གྱེན་ལངས་ཀྱི་ལས་འགུལ་རྒྱ་མཚོ་འཕྱུར་བ་བཞིན་ཡོད་པ་དང། དེ་ལ་རྒྱལ་ཚོགས་ཀྱིས་དོ་སྣང་ཆེན་པོ་བྱས་ནས་རྒྱལ་ཚོགས་ཀྱི་དྲུང་ཆེ་ཟུར་པས་གཙོས་ཆེད་འཛུགས་ཚོགས་ཆུང་ཞིག་ཀྱང་བཙུགས་ཡོད། གནད་དོན་འདི་དག་གི་ཐོག་ནས་ཤེས་ཐུབ་པ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གཙོས་རྒྱལ་སྤྱིའི་ཁྱོན་ནས་འཚེ་མེད་ཞི་བའི་ཁ་གཡང་འོག་ནས་དྲག་པོའི་ལག་ལེན་ལ་རྒྱབ་སྐྱོར་བྱེད་པ་ནི། དོན་གྱིས་གོ་ལ་ཧྲིལ་པོའི་སྤྱི་ཚོགས་ཀྱི་ཞི་བདེའི་ཁོར་ཡུག་གཏོར་བཤིག་ཏུ་བཏང་བ་ཞིག་ཏུ་ངོས་འཛིན་བྱེད་ཆོག་པ་དང། རྒྱལ་ཚོགས་ནང་ཤུགས་རྐྱེན་ཆེ་བའི་གཞུང་ཞིག་གི་ནོར་འཁྲུལ་གྱི་ལས་དོན་ཐོག་ལ་གླེང་སློང་དང་སྐྱོན་བརྗོད་མི་བྱེད་ལ། ཤུགས་རྐྱེན་དང་ནུས་པ་དེ་ཙམ་མེད་པའི་རིགས་ལ་ཐག་གཅོད་བྱེད་སྟངས་འདི་ནི་འགྲོ་བ་མིའི་རིགས་ཀྱི་ཀུན་སྤྱོད་ཉམས་ཞན་དུ་འགྲོ་བཞིན་པའི་དཔང་རྟགས་གསལ་སྟོན་བྱས་པ་རེད།

ད་ལྟའི་ཆར་བོད་པའི་ལས་འགུལ་ཆེ་ཤོས་ནི་རང་ལུས་མེ་སྲེག་དང། དེའི་རྗེས་སུ་ཟས་བཅད་ངོ་རྒོལ། ངོ་རྒོལ་སྐད་འབོད། མང་ཤོས་ནི་བྱང་ཆུབ་སེམས་མཆོག་མ་བསྐྱོར་ནས་མར་མེའི་ཁྲོམ་སྐོར་བྱེད་རྒྱུ་དེ་རེད། དེ་ལ་རྒྱལ་སྤྱིའི་མིག་ཟུར་ཙམ་ཡང་མི་བལྟ་བ་འདི། བོད་པའི་ཐབས་ལམ་ནོར་སོང་བ་རེད་དམ། ཡང་ན་རྒྱལ་སྤྱིའི་གཟིགས་སྟངས་སྐྱོ་དྲགས་པ་རེད། གཡོལ་ཐབས་མེད་པའི་དྲི་བ་འདི་ལ་ལན་གསལ་པོ་ཞིག་དགོས་པ་གལ་ཆེན་པོར་གྱུར་ཡོད། བོད་པའི་འཚེ་མེད་ཞི་བའི་འཐབ་རྩོད་ཀྱི་ལས་འགུལ་ནི་འཛམ་གླིང་སྤྱི་ཡོངས་ནས་བསྒྲགས་བཞིན་པའི་ཁ་གཡང་དང་མཐུན་མོད། དུས་རྒྱུན་རྒྱལ་སྤྱིའི་ནང་ལག་ལེན་དུ་བསྟར་བཞིན་པའི་དྲག་པོའི་ལས་འགུལ་ཁག་དང་མི་མཐུན་པས། བོད་དོན་ལ་རྒྱལ་སྤྱིའི་ཐོག་ཁ་ཙམ་ལས་དོན་གྱིས་རྒྱབ་སྐྱོར་མ་ཐོབ་པ་རེད།

གནད་འགགས་འདི་རྒྱ་ནག་གཞུང་གིས་ཏག་ཏག་ལག་ལེན་དུ་བསྟར་ནས་བོད་མི་ཞི་རྒོལ་བའི་ཐོག་ལ་དྲག་གནོན་ཚད་ལས་བརྒལ་བ་བྱེད་བཞིན་ཡོད་ཀྱང། རྒྱལ་སྤྱིའི་སྤྱི་ཚོགས་དང་བརྒྱུད་ལམ་ཁག་གི་ནང་རྒྱ་ནག་གཞུང་གི་བྱེད་སྟངས་དེ་འཚེ་མེད་ཞི་བ་མ་རེད་ཅེས་བརྗོད་མཁན་མེད་ལ། ནང་པའི་ལྟ་གྲུབ་དང་མི་མཐུན་པ་རེད་ཅེས་བརྗོད་མཁན་དེ་བས་ཀྱང་མེད། བོད་པས་རང་ལུས་མེ་སྲེག་བཏང་ནས་ཞི་རྒོལ་བྱས་པ་འདི་འཚེ་བ་ཡིན་མིན་རྒྱལ་སྤྱིའི་གླེང་ཕྱོགས་ཤིག་ཏུ་གྱུར་ཡོད། དེར་བརྟེན་མ་འོངས་བོད་པའི་རྒྱུད་འཛིན་མི་རབས་གསར་པ་སྐྱེ་འཚར་ཡོང་བཞིན་པ་འདི་དག་ལ་ནང་ཆོས་ཀྱི་སློབ་གསོའི་ཤུགས་རྐྱེན་ཞན་པ་དང། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཤུགས་རྐྱེན་དང་དོ་སྣང་ག་འདྲ་ལ་བྱེད་ཀྱི་ཡོད་མེད་སོགས་ལ་རྒྱུས་མངའ་ཆེ་ནས་ཆེ་རུ་འགྲོ་བཞིན་ཡོད་པས། ནམ་ཞིག་བོད་པས་དོན་དམ་གྱི་འཚེ་མེད་ཞི་བའི་འཐབ་རྩོད་ཀྱི་ཐབས་ལམ་འདིའི་ཁ་ཕྱོགས་ལའང་འགྱུར་བ་འགྲོ་མི་སྲིད་པ་གཏན་ནས་མིན།།

Share this:
༡༠༩ ཀློག་གྲངས།