ཀིརྟི་དགོན་པའི་གྲྭ་པ་གཉིས་བཙོན་འཇུག

འདི་ལོའི་ཕྱི་ཟླ་༦ ཚེས་༢༦ གི་མཚན་མོ་རྔ་པ་ཀིརྟི་དགོན་པའི་གྲྭ་བློ་བཟང་ཚེ་རིང་། རང་ལོ་༢༡ ཡིན་པ་ཁོང་དགོན་པའི་ནང་ནས་རྒྱ་གཞུང་ཉེན་རྟོག་པས་འཛིན་བཟུང་བཙན་ཁྲིད་བྱས་ཤིང་། ནང་མི་ཉེ་འབྲེལ་ཚོས་འབྲེལ་ཡོད་ལས་ཁུངས་མང་པོར་རྩད་གཅོད་བྱས་ཀྱང་།

ད་བར་གར་ཡོད་ཅི་བྱུང་གི་གནས་ཚུལ་གཅིག་ཀྱང་ཤེས་རྟོགས་མ་བྱུང་བར་གར་སོང་ཆ་མེད་དུ་གྱུར་ཡོད།

ཁོང་ནི་རྔ་སྨད་ལོ་རྟ་ཞང་། བ་ཏོ་སྡེ་བ་ནས་ཡིན་པ་དང་། ཕ་མིང་ལ་བཀྲ་ཤིས་ཚེ་རིང་དང་། མ་མིང་ལ་ཆུང་གོ་ཡིན་འདུག ཆུང་ཆུང་སྐབས་ནས་རྔ་པ་ཀིརྟི་དགོན་པར་གྲྭ་པ་བྱས་ཏེ་དགོན་ནང་དུ་རྒྱུན་བསྡོད་བྱས་ཡོད།
དེ་བཞིན་ཕྱི་ལོ་༢༠༡༡ ཟླ་༡༠ ཚེས་༢༠ ཙམ་ལ་འཛིན་བཟུང་བྱས་པའི་རྔ་པ་ཀིརྟི་དགོན་པའི་གྲྭ་བློ་གྲོས། རང་ལོ་༣༦ ཡིན་པ་རྒྱ་གིས་འཛིན་རྗེས་སུ། ནང་མི་ཉེ་འབྲེལ་གྱིས་གནས་སྟངས་ཤེས་རྟོགས་བྱུང་མེད་ནའང། འདི་ལོའི་ཕྱི་ཟླ་༧ ཚེས་མགོ་ཙམ་ལ་ཤེས་རྟོགས་བྱུང་བ་ལྟར་ན། རྔ་པ་རང་སྐྱོང་ཁུལ་གྱི་ལྟེ་གནས་འབར་ཁམས་ནས་ལོ་༣ གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་ཅིང་། ཁྲིམས་ཐག་གཅོད་སྐབས་འབྲེལ་ཡོད་ཚོར་བརྡ་ལན་གང་ཡང་འབྱོར་མེད་སྟབས་སྐབས་དེའི་གནས་ཚུལ་ཞིབ་ཕྲ་ཤེས་རྟོགས་ཐུབ་མེད་པ་རེད།  
ཁོང་ནི་རྔ་སྟོད་ཨ་འདུས་ཞང་། གཤོང་བ་སྡེ་བའི་ཝོ་ཁ་ཚང་ཡིན་ཞིང་། ཕ་མིང་ལ་གདུགས་ཁོ་ཡིན་འདུག ཁོང་རང་ལོ་༢༠ ཡོལ་ཙམ་གྱི་སྐབས་སུ་རྔ་པ་ཀིརྟི་དགོན་པར་གྲྭ་པ་བྱས་ཤིང་། རྒྱུན་དུ་བོད་ལུགས་ཀྱི་རི་མོ་སྣ་ཚོགས་འབྲི་བའི་ལྷ་བཟོ་འམ། རི་མོའི་སྒྱུ་རྩལ་བ་ཞིག་ཡིན་འདུག

གནས་ཚུལ་མཁོ་གཏོང་བ་དྷ་ས་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས།

Share this:
༩༠ ཀློག་གྲངས།