ཕུན་ཚོགས་སྒྲོལ་དཀར།

ཕྲན་ནི་བོད་བཙན་པོའི་གདུང་རྒྱུད་ལས་མཆེད་པའི་ཡུམ་ཆེན་ཞིག་གི་མངའ་ཐང་ལས་སྐྱེས་པ་ཡིན་པས། གླེང་སྟེགས་འདིའི་ཤོག་ལྷེ་འདི་བརྒྱུད་ནས་མ་བཅོས་སེམས་ཀྱི་སྐད་ཆ་དམ་དུམ་ཞིག་ཁྱེད་ཅག་གི་སེམས་ལ་བསྟིམ་དགོས་བྱུང་སོང༌།
ས་ཆེན་པོ་འདིའི་ཁུགས་པ་རེ་རེ་དང་གྲུ་ཟུར་རེ་རེ་ན་འཚོ་གནས་བཞིན་པའི་མི་རིགས་གང་ཞིག་ཡིན་ནའང༌། རང་ཉིད་ཀྱིས་བླ་ཚེ་སྲོག་གསུམ་ལྟ་བུའི་སྐད་ཡིག་རིག་གནས་བྲང་ཁོག་གི་སྙིང་དང་མཚུངས་པར་གཅེས་ཤིང་ཉར་ཡོད། དེ་ལྟ་བས་ན། ང་ཚོ་སྟེ་ཉི་མ་དང་ལམ་ཐག་ཉེ་བའི་ཁ་བ་གངས་རི་བ་ཚང་གི་སྐད་ཡིག་རིག་གནས་ནི་ཆག་འཇིག་གི་གཅོང་རོང་ལ་དཔྱངས་པའི་ཚེ་སྲོག་ཉམས་ཐག་པ་ཞིག་ཡིན་པ་ནི་མ་གླེང་ནའང་ཤེས་ཐུབ་པ་ཞིག་དང༌། གླེང་ན་རླབས་ཆེ་བའི་འགན་འཁྲི་གསོན་པོ་ཞིག་རེད། གངས་རིའི་ཁྱིམ་རྒྱུད་ཀྱི་སེམས་དཔའ་བ་ཆེན་མོ་རྗེ་བཙུན་མི་ལ་རས་པའི་ཡུམ་གྱི་གསུང་སྐད་ཅིག་ང་ཚོས་ཡང་ཡང་དྲན་འོས་པ་ཞིག་སྟེ། ཁོང་ཚོའི་མཐུ་དང་འུ་ཅག་གི་མཐུ་ནི་མི་འདྲའོ། ཁོང་ཚོ་ནི་གཅེས་ཕྲུག་རང་དགར་རྒྱགས་པའི་མཐུ་ཡིན་པར་འདུག འུ་ཅག་མ་སྨད་སྡུག་ཐུག་པའི་མཐུ་ཡིན་པས་ཁྱེད་སྙིང་རུས་སྐྱེད་ལ་ཤོག་ཅིག ཅེས་པ་འདིའོ། འུ་ཅག་གིས་རང་ཉིད་ཀྱི་སྐད་ཡིག་རིག་གནས་གཅེས་ཤིང་ཉར་བ་དང༌། སྲུང་ཞིང་སྤེལ་དགོས་པ་ནི་ཞི་བདེ་གཏོར་བཅོམ་པ་དག་གིས་འུ་ཅག་གི་ཕྲག་ལ་བཞག་པའི་འགན་འཁྲི་ཁོ་ན་ཡིན་པས། ལོ་རྒྱུས་ཀྱི་རྡོག་ཁྲེས་ལྕི་མོ་འདི་ལྟ་བུ་འུ་ཅག་གིས་མ་ཁུར་ན་སུ་ཞིག་གིས་འཁུར། ཁོ་མོས་འདིར་ཆེད་དུ་གླེང་དགོས་པའང་སྐད་ཡིག་རིག་གནས་ཀྱི་ཉེན་ཚབས་འདི་ཡིན་པས་སུ་ཞིག་གིས་འདི་ཉིད་ཕྲན་ཚེགས་ཀྱི་ལས་སྒོ་ཆུང་ཆུང་ཞིག་ཏུ་བརྩིས་ན་དེ་ལ་མི་རིགས་ཀྱི་འདུ་ཤེས་མི་འདུག འགན་འཁྲི་མི་འདུག་ཅེས་སྡིགས་ནའང་རུང་ལ། ལོ་རྒྱུས་ཀྱི་བདེན་པ་དང་ཆོས་ཉིད་ལ་རྒྱབ་འགལ་བཏང་སོང་ཞེས་སྨྲས་ནའང་ཉེས་ལྟུང་ཕྲ་མོས་ཀྱང་གོས་མི་སྲིད་སྙམ། བོད་གཞོན་རབས་པ་དག་གིས་བྱ་སྤྱོད་ཡ་མ་བརླ་དང༌། སྐད་ཆ་ར་མ་ལུག ཆ་ལུགས་ཡ་མ་ཟུང་གིས་འགྲོ་ཐབས་འདུག་ཐབས་ཙམ་བྱས་པ་ཡིན་ན་ང་ཚོ་ལོ་རྒྱུས་ཀྱི་ཐིག་སྐུད་སྟེང་གི་ཉེས་ཅན་པ་ཞིག་ཏུ་མི་འགྱུར་བའི་གདེང་ཚོད་སུ་ལའང་མི་འདུག་པས། དེ་རིང་ནས་བཟུང་སང་ཉིན་ལ་ཁ་ཕྱོགས་དགོས་ཤིང༌། སང་ཉིན་ནི་འོད་ཟེར་སྟོང་ལྡན་གྱི་སང་ཉིན་ཞིག་ཡིན་མིན་ཡང་བོད་གཞོན་རབས་པ་དག་གི་འགན་འཁྲིའི་འདུ་ཤེས་ལ་ཐུག་ཡོད་པས་ང་ཚོས་རང་ཉིད་ནས་འགོ་བརྩམས་ཤིང་སང་ཉིན་ལ་ཁ་ཕྱོགས་ཤིག ང་ལ་ཁྱེད་ཚོར་རེ་བ་ཡོད།།

Share this:
༤༨ ཀློག་གྲངས།