༄༅།། ལྗང་མདོག་མེད་པའི་ཕ་ཁྱིམ།

 

        ༄༅།། ལྗང་མདོག་མེད་པའི་ཕ་ཁྱིམ།
  ངའི་མ་ཡུམ་གྱི་ཕ་ཁྱིམ་ལ་ཁྲག་དྲི་འཐུལ།  འུ་ཅག་གི་ལོ་རྒྱུས་མེ་ལ་སྤར།

སེམས་ཁྲལ་གྱི་ལོ་ཟླ་རེ་རེ་མགོ་སྟེང་ལ་ལྷུང་།  འཁུན་སྒྲ་དང་སྐྱོ་སྣང་གི་ཉིན་ཐོ་ཤོག་ལྡེབ་ལ་བྲིས།

ང་དང་ངའི་སྤུན་ཟླ་ཚོའི་རྒྱལ་ཁབ་གྱི་བདག་དབང་གཞན་ལག་ལ་ཤོར། 

ཉེ་འཁོར་ན་གནས་པའི་བསམ་བཟང་འགའ་ལ་སེམས་ཁྲལ་དང་སྡུག་ཡུས་མང་། 

 

མིག་ཀོང་ནས་ཟག་པའི་ཆུ་ཐིགས་དང་སུན་སྣང་གི་ལོ་མ་རེ་རེ་སེམས་སུ་འཐོར། 

དབྱར་གཞུང་གི་ལང་ཚོ་སད་ཀྱིས་བཅོམ།  ལྗང་མདོག་མེད་པའི་འཇིག་རྟེན་གྱི་ངོ་གདོང་ལ་རྒས་གཉེར་གྲངས་མང་དོད།  གསེར་མདོག་གི་ལོ་ཟླ་ཡལ་བའི་དུས་ཚིག་ཁྲོད་ན་གྲང་འདར་སིག་སིག།

དྲོད་ཁོལ་དུས་མའི་རུམ་ནང་ནས་ཡལ་བའི་སྤུན་སྲིང་ཚོ་གང་དུ་བཞུད་ཟིན། 

ལྷགས་པ་ལྡང་ས་དང་ཁ་བ་འཐུག་ས་ན་སེམས་པ་རྡོ་རུ་གྱུར།  སྨག་རིམ་དགུ་བརྩེགས་ཀྱི་ལམ་འཕྲང་ན།  མཉོམ་དུང་དུང་གི་སྐྱོ་གཞས་རི་བྲག་ལ་ཤོར། ཁྲག་གི་ལོ་ཟླ་དང་སྨག་ནག་གི་ལས་དབང་གངས་རི་དང་

སྤང་ཐང་ལ་ལྐོག་ལབ་བྱས།  ཤི་གསོན་གྱི་འཕྲང་ལམ་ན་རེ་བསྙེག་གི་འབྱུང་འགྱུར་སྒུག་བཞིན།

འཛུགས་བསྐྲུན་གསར་བའི་རྨི་ལམ་ལ་དབུ་ཁྱུད་དང་ལོ་རྒྱུས་ཡོད་ངེས། དོན་དམ་གྱི་རེ་བཞག་དང་

འོད་སྣང་གི་ཕུགས་བསམ་འཚོལ་དགོས།  འུར་འུར་གྱིས་རླུང་འཚུབ་ག་དུས་རྒོད་ཀྱང་དཔའ་མི་ཞུམ་

མགོ་མི་སྨད་ཡ།  ཁ་བ་དང་གངས་རི་ལ་དུང་བའི་སྤུན་ཟླ་རྣམས།  

གསེར་རྟ་བསོད་ནམས་ཕུན་ཚོགས་སམ་དཔལ་ཤུལ་འབྲོང་སྲས་སུ་འབོད་པས་བོད་ཀྱི་རྒྱལ་ས་
གཉིས་པ་བཞུགས་སྒར་རྡ་་རམ་ས་ནས་སུག་བྲིས་བགྱིས་སོ།  ༢༠༡༢  ༧  ༢༣

 

Share this:
༡༥༩ ཀློག་གྲངས།