དགེ་འདུན་པ་༥༠ བརྒལ་བར་སྡོམ་པ་འབོགས་རྒྱུ་ཡིན་འདུག

༧གོང་ས་མཆོག་གིས་ཟླ་འདིའི་ཕྱི་ཚེས་ ༢༦ ཉིན་ལ་དྭགས་ཀྱི་རྒྱལ་ས་སླེའི་ནང་གི་ཇོ་བོ་གཙུག་ལག་ཁང་དུ། དགེ་འདུན་པ་ལྔ་བཅུ་བརྒལ་བར་བསྙེན་རྫོགས་ཀྱི་སྡོམ་པ་འབོགས་གཏན་ཁེལ་ཡོད་པ་རེད་འདུག 

 

དེ་ཡང་བརྒྱུད་ལམ་ཁག་ཏུ་་གནས་ཚུལ་ཐོན་གསལ་ལྟར་ན། ༧གོང་ས་མཆོག་ཟླ་འདིའི་ཕྱི་ཚེས་ ༡༨ ཉིན་ལ་དྭགས་ཀྱི་རྒྱལ་ས་སླེ་རུ། ཞབས་སོར་བདེ་བར་འཁོད་རྗེས་ལྕོག་ལམ་སར་ཡོད་པའི་ཞི་བའི་ཚལ་ཕོ་བྲང་ནང་སྐུ་མཚམས་སུ་བཞུགས་ཡོད་པ་དང་། ཕྱི་ཚེས་༢༦ ཉིན་ནས་ཁུལ་དེར་ཆོས་འབྲེལ་དབུ་འཛུགས་མཛད་རྒྱུ་ཡིན་འདུག་ལ། དེ་བཞིན་ཉིན་དེའི་སྔ་དྲོ་ཇོ་བོ་གཙུག་ལག་ཁང་དུ་དགེ་འདུན་པ་ལྔ་བཅུ་བརྒལ་བར་བསྙེན་རྫོགས་ཀྱི་སྡོམ་པ་འབོགས་རྒྱུ་དང་། ཕྱི་ཚེས་ ༢༧ ཉིན་གྱི་སྔ་དྲོར་ ལ་དྭགས་ཀྱི་རྒྱལ་སར་རྟེན་གཞི་བྱས་པའི་འཇམ་དབྱངས་སློབ་གྲྭར་ཆིབས་སྒྱུར་བསྐྱངས་ཏེ་བཀའ་སློབ་སྩལ་རྒྱུ་ཡིན་འདུག

དེ་རྗེས་རྒྱལ་ས་སླེ་ནས་སྤྱི་ལེ་ ༤༠༠ ་ཡོད་པའི་ཟངས་དཀར་ལ་ཆིབས་སྒྱུར་བསྐྱངས་ཏེ། དད་ལྡན་མང་ཚོགས་ལ་ཉིན་གྲངས་གསུམ་རིང་རྒྱལ་སྲས་ཐོགས་མེད་ཀྱིས་མཛད་པའི་ལག་ལེན་སོ་བདུན་མ་དང་། དགེ་བཤེས་གླང་རི་བས་མཛད་པའི་བློ་སྦྱོང་ཚིགས་བརྒྱད་མ། དེ་བཞིན་སྤྱན་རས་གཟིགས་ཀྱི་དབང་བཅས་ཀྱི་ཆོས་འབྲེལ་གནང་འཆར་ཡོད་འདུག

Share this:
༧༨ ཀློག་གྲངས།