ཨ་རིའི་ཁྲོམ་ར་ཉམས་གསོར་གྲོས་འཆམ་བྱུང་འདུག

    འཛམ་གླིང་གི་ཁྲོམ་ར་ཉམས་གསོ་ནི་ཨ་རིའི་ཁྲོམ་རའི་གནས་བབ་ལ་རག་ལས་ཡོད་ཅིང༌། འཛམ་གླིང་ཕྱོགས་གང་ས་ནས་ལས་མེད་ས་ཡ་མང་པོས་ཨ་རིའི་སྲིད་གཞུང་གསར་པས། ཁྲོམ་རའི་དཔལ་འབྱོར་ལམ་ལུགས་ལ་བསྒྱུར་བཅོས་བཏང་སྟེ་གོ་ལའི་ལས་མེད་རྣམས་ཀྱི་དཀའ་ངལ་སེལ་རྒྱུར་སྐོམ་པ་ཆུ་འདོད་ལྟ་བུས་རེ་བ་བྱེད་བཞིན་ཡོད་པ་རེད། ཨ་རིའི་སྲིད་འཛིན་གསར་པ་དང་སྲིད་གཞུང་གསར་པས་ཀྱང་ལས་ཀྱི་ཐོག་མ་ནི་ཁྲོམ་ར་ཉམས་གསོ་དང་སྤྱི་ཚོགས་བདེ་འཇགས་ཡིན་ཟེར་ནས་ཁས་ལེན་བྱས་པ་བཞིན། ཟླ་འདིའི་ཚེས་ ༡༠ ཉིན་ཨ་རིའི་གྲོས་ཚོགས་སུ་འོས་འཕེན་གྱི་ལམ་ནས་སྲིད་གཞུང་གསར་པས་ཁྲོམ་ར་ཉམས་གསོའི་མ་རྩ་ཨ་སྒོར་དུང་ཕྱུར་ ༨༣༨ བཞག་པ་ལ་གྲོས་འཆམ་བྱུང་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད། སྲིད་འཛིན་ཨོ་བྷ་མས་མང་གཙོ་ཚོགས་པར་འོས་འཕེན་གྱི་རྒྱལ་ཁ་ཐོབ་པ་ལ་དགའ་བསུ་ཞུས་ཡོད་པ་དང༌། ཁོང་གིས་རྒྱལ་ཁ་འདི་ནི་སྲིད་གཞུང་གསར་པས་ལས་དོན་འཐུས་ཚང་བསྒྲུབས་པར་འགོ་འཛུགས་ཡག་པོ་གཅིག་ཡིན་ནའང༌། ད་དུང་ཉེན་ཁ་ཆེ་བའི་ལས་དོན་མང་པོ་ལྷག་ཡོད་པས་ངེས་པར་དུ་ཡིད་གཟབ་བྱ་དགོས་པའི་ཉེན་བརྡ་བཏང་ཡོད་པ་རེད།  
    སྤྱིར་བཏང་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ནས་མང་གཙོ་ཚོགས་པའི་འཐུས་མི་མང་བ་ཡོད་ཅིང༌། སྤྱི་མཐུན་ཚོགས་པའི་འཐུས་མི་ཚོས་དངུལ་འབོར་ཕོན་ཆེན་ཚོང་ལས་མ་འཇོག་བྱས་པར་ངོ་རྒོལ་ཤུགས་ཆེན་བྱས་ཡོད་རུང༌། འོས་འཕེན་གྱིས་ལམ་ནས་མང་གཙོ་ཚོགས་པའི་ལངས་ཕྱོགས་ལ་རྒྱལ་ཁ་ཐོབ་པ་རེད། དེ་བཞིན་མ་འཇོག་བྱས་པའི་ཨ་སྒོར་ཐེར་འབུམ་ ༨༣༨ འདིས་ལས་ཤོར་ས་ཡ་ ༤ བཞི་ཙམ་ལ་ལས་ཀ་མཁོ་སྤྲོད་བྱས་དགོས་ཐོག འཕྲོད་བསྟེན་དང་སློབ་གསོ་ཁང༌། ཚོང་ཟོག་སྐྱེལ་འདྲེན། གྲོང་གསེབ་འཛིན་སྐྱོང༌། རང་བྱུང་གི་གཏེར་རྫས་སྔོག་འདོན་དང་འཐུང་ཆུ། ཞིང་ལས། ཚན་རིག་ལག་རྩལ་སོགས་ལ་གཏོང་དགོས་པ་དང༌། དེའི་ནང་ནས་མ་འཇོག་དངུལ་འབོར་འདིས་སློབ་གྲྭ་དང་ས་གནས་གཞུང་སྒེར་བདག་ཚོང་ལས་སོགས་ཀྱི་དཔྱ་ཁྲལ་ཉུང་དུ་གཏོང་འཆར་ཡོད་པ་རེད།  སྤྱིའི་ཆ་ནས་ཨ་རིའི་ཚོང་དོན་མར་འཇོག་དངུལ་འབོར་འདི་འཛམ་གླིང་ཁྲོམ་ར་ལ་གསར་འགྱུར་བཟང་པོ་ཞིག་ཡིན་རུང༌།  འདིས་མ་རྐང་ཁྲོམ་ར་འཐུས་ཚང་ངང་རྒྱུན་སྐྱོང་བྱེད་མ་ཐུབ་ཚེ། སླར་ཡང་འཛམ་གླིང་ཁྲོམ་རའི་དཔལ་འབྱོར་ལ་གོད་ཆག་ཆེན་པོ་ཞིག་ཡོང་སྲིད་པའི་ཉེན་ཁ་ཡོད་ཚུལ་ཡང་གསར་ལམ་ཁག་ནས་བརྒྱུད་བསྒྲགས་བྱས་ཡོད་པ་རེད།

Share this:
༩༧ ཀློག་གྲངས།