འཇར་མན་ནིའི་རུ་བོད་རང་བཙན་གྱི་རྐང་འཁོར་འགྲན་སྡུར།

bicycle_1ཟླ་འདིའི་ཚེས་༢༩ ཉིན་འཇར་མན་ནིའི་བཱ་ཡན་མངའ་སྡེའི་ནང་དུ་བོད་རང་བཙན་ཆེད་རྐང་འཁོར་འགྲན་སྡུར་ཐེངས་༢༨ པ་དེ་འཚོགས་པ་དང་། མི་མང་ཧ་ཅང་མང་པོ་འཛུལ་ཞུགས་བྱས་ཡོད་རེད།

དེ་ཡང་དགེ་འོད་ཟེར་ལགས་ཀྱིས་ས་གནས་ནས་གནས་ཚུལ་བཏང་བ་ལྟར་ན། འཇར་མན་ནིའི་བཱ་ཡན་མངའ་སྡེའི་ནང་གི་གྲོང་ཁྱེར་རེ་གྷེནསུ་བྷག་གི་ཝེ་ལོ་ཀིལབ། རཱ་ཏིས་བྷོ་ནཱ་ཚོགས་པའི་གོ་སྒྲིག་འོག ལོ་ལྟར་ཨར་བྷར། རཱཌ། མཱ་ར་ཐོན་ཞེས་པའི་རྐང་འཁོར་འགྲན་སྡུར་ཞིག་འཚོག་གི་ཡོད་པ་ལྟར། འདི་ལོའི་ཚོགས་ཐེངས་ ༢༨ པའི་ཐོག་གྲོང་ཁྱེར་དྷེ་གྷེན་དྷོབ་འཇར་མན་ནིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ས་གནས་འབྲེལ་མཐུད་པ་སྐུ་ཞབས་ཡོ་སེབ་སི་མིཌ་དང་། གྲོང་ཁྱེར་ཨིན་གྷེན་ཕེལ་ཌེན་གྱི་ས་གནས་འབྲེལ་མཐུད་པ་སྐུ་ཞབས་རེ་ནཱར་སིཀཤི། གྲོང་ཁྱེར་ནོ་ཡེ་ཧོའུ་སེན་ནས་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ཏོ་བྷི་སི་པི་རང་གྷར་བཅས་ཀྱིས་”བོད་རང་བཙན་ཆེད་རྐང་འཁོར་གྲན་བསྡུར” (Rennrad Team FREE TIBET) ཞེས་པའི་མིང་ཐོག་ནས་མཱ་ར་ཐོན་རྐང་འཁོར་འགྲན་སྡུར་ཐེངས་ ༢༨ དེར་མཉམ་ཞུགས་གནང་ཡོད་འདུག སྤྱི་ལེ་བརྒྱ་ཐམས་པ་ཡོད་པའི་མཱ་ར་ཐོན་རྐང་འཁོར་འགྲན་སྡུར་སྐབས་གོང་འཁོད་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་དེང་གི་བོད་ནང་གི་གནས་སྟངས་དང་བོད་མིའི་དཀའ་སྡུག དེ་བཞིན་ཉམ་བཞིན་པའི་བོད་ཀྱི་རང་བྱུང་འཁོར་ཡུག་དང་འབྲོག་པའི་དཀའ་ངལ་སོགས་ཀྱི་ངོ་སྤྲོད་དང་འགྲེལ་བརྗོད། དེ་བཞིན་བོད་ཀྱི་གནས་སྟངས་ལ་འཛམ་གླིང་མི་མང་རྣམས་ཀྱིས་རྒྱབ་སྐྱོར་བྱ་དགོས་པའི་འབོད་སྐུལ་སོགས་བྱས་ཡོད་པ་རེད། ཨར་བྷར། རཱཌ། མཱ་ར་ཐོན་རྐང་འཁོར་འགྲན་སྡུར་སྟེང་འཇར་མན་ནིའི་ཕྱོགས་མཐའ་རུ་ནས་ཕེབས་པའི་རྩེད་འགྲན་པ་དང་། ད་དུང་འཇར་མན་ནིའི་ཁྱིམ་ཚེས་རྒྱལ་ཁབ་ཁག་ནས་ཕེབས་པ་སོགས་བསྡོམས་རྐང་འཁོར་རྩེད་འགྲན་པ་ ༥༥༠༠ ལྷག་དང་དེ་བཞིན་གསར་འགོད་པ། ད་དུང་ལྟད་མོ་བ་སོགས་བསྡོམས་པའི་མི་གྲངས་ ༦༠༠༠ མ་ཟིན་ཙམ་འདུ་འཛོམས་བྱུང་ཡོད་འདུག་ལ་དེ་དང་མཉམ་དུ་བོད་དོན་དྲིལ་བསྒྲགས་ཀྱང་ལེགས་པོ་བྱུང་ཡོད་འདུག bicycle_2འབྲེལ་ཡོད་མི་སྣས་གོང་འཁོད་བོད་དོན་རྒྱལ་སྐྱོར་བ་གསུམ་ལ་བཅར་འདྲི་ཞུས་སྐབས། སྐུ་ཞབས་ཡོ་སེབ་སི་མིཌ་གྱིས་གསུང་དོན། “བོད་ཀྱི་སྡུག་བསྔལ་འདི་དག་འཛམ་གླིང་མི་མང་གིས་ཤེས་ཐུབ་པ་དང་། བོད་ཀྱི་སྣོད་བཅུད་ཉམ་བཞིན་པ་འདི་བོད་པའི་འགན་གཅིག་པུ་མིན་པར། ་འཛམ་གླིང་སྤྱི་ལ་འགན་ཡོད་པ་ར་སྤྲོད་ཆེད་དུ་དེ་རིང་གོ་སྒྲིག་འདི་བྱས་པ་ཡིན་ལ། ཕྲན་རང་ཉིད་ངོས་ནས་ཀྱང་བོད་རང་དབང་མྱུར་དུ་འཐོབ་ཆེད་འགྲན་སྡུར་རིང་བོད་ཀྱི་དཀའ་རྙོག་སེམས་ལ་བཟུང་ནས་ཕྱིན་པ་ཡིན། ” ཞེས་བརྗོད། སྐུ་ཞབས་རེ་ནཱར་སིཀཤི་ལར་ལགས་ཀྱིས། “ནམ་རྒྱུན་ང་ཚོས་སོ་སོའི་ལུས་སེམས་ཀྱི་སྡུག་བསྔལ་འདི་གལ་ཆེན་བརྩི་བཞིན་ཡོད་ཀྱང་། དོན་དངོས་ཐོག་བོད་མི་ཚོར་རང་དབང་མེད་པའི་སྡུག་བསྔལ་འདི་དང་བསྡུར་ཚེ་དངོས་གནས་སེམས་ནས་བཟོད་དཀའ་བ་ཞིག་རེད། ཁྲིམས་ལུགས་ཡོད་པའི་རྒྱལ་ཁབ་རྣམས་ཀྱི་མི་རིགས་ལ་ང་ཚོས་རྒྱ་ནག་གི་གཞུང་འདི་ཉིད་ཁྲིམས་མེད་ལུགས་མེད་ཀྱི་རྒྱལ་ཁབ་ཞིག་ཡིན་པའི་ར་སྤྲོད་དང་བོད་མི་རྣམས་དཀའ་སྡུག་ལས་སྐྱོབས་རོགས་ཞེས་ཞུ་བཞིན་ཡོད། ” ཅེས་བརྗོད་སོང་། སྐུ་ཞབས་ཊོ་བྷི་སུ་པི་རང་གྷར་གྱིས། “ང་རྐང་འཁོར་འགྲན་སྡུར་འདིར་ཞུགས་པ་ནི་རྩེད་འགྲན་ཁོ་ནའི་ཆེད་དུ་མིན། བོད་མི་རྣམས་ཀྱིས་འཐབ་རྩོད་བྱེད་བཞིན་པ་འདི་དྲང་བདེན་ཞིག་ཏུ་ངོས་འཛིན་ཐོག་སོ་སོའི་ངོས་ནས་བོད་མིའི་ཆབ་སྲིད་ཀྱི་ལས་འགུལ་ལ་རྒྱབ་བསྐྱོར་ཞིག་བྱ་ཐུབ་ན་དྲན་བཞིན་ཡོང་བ་ཡིན་ལ། དེ་རིང་མི་མང་འདུ་འཛོམས་ཆེན་པོ་འདིའི་ཁྲོད་ངས་བོད་ལ་རྒྱབ་སྐྱོར་བྱེད་ཐུབ་སོང་བས་དངོས་ནས་སེམས་ལ་དགའ་ཚོར་ཆེན་པོ་བྱུང་། ” ཞེས་སོགས་གསུངས་སོང་།

Share this:
༤༣ ཀློག་གྲངས།