ལྷོ་ཕྱོགས་སྦེལ་ཀོབ་ཁུལ་དུ་བཀའ་ཁྲིའི་གཟིགས་སྐོར།

2012_8_1 1ཕྱི་ཟླ་༧ པའི་ཚེས་ ༣༡ ནས་ཉིན་གཉིས་ཀྱི་རིང་ལ་བཀའ་བློན་ཁྲི་བ་མཁས་དབང་བློ་བཟང་སེང་གེ་མཆོག་གིས་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིས་ཆགས་སུ་གཟིགས་སྐོར་གནང་ཡོད་པ་རེད།

དེ་ཡང་ཟླ་༧ པའི་ཚེས་ ༣༡ ཞོགས་པ་ཆུ་ཚོད་ ༨ ཕྱེད་ཐོག་སྦེལ་ཀོབ་གཞིས་ཆགས་ཁག་གཉིས་ཀྱི་ས་གནས་འགོ་འཛིན་དང་། མཉམ་འབྲེལ། དགོན་པ་གྲྭ་ཚང་གིས་གཙོས་པའི་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སྡེ་ཚན་ཁག་ ༢༥ དང་། གྲོང་སྡེ་ཁག་གི་སྤྱི་མི་བཅས་སྦེལ་ཀོབ་སྒོ་ཆེན་བར་དུ་ཕེབས་གདོང་ལ་བཅར་བ་དང་། ལྷ་མོ་ཚོགས་པས་བཀྲ་ཤིས་གཞོལ་པ་དང་བོད་ཁྱིམ་སློབ་ཕྲུག་ཁག་གིས་རོལ་དབྱངས་བཅས་ཀྱིས་ཕེབས་བསུ་སྣེ་ལེན་བྱས་རྗེས་བདེ་སླར་མཉམ་འབྲེལ་མགྲོན་ཁང་དུ་གདན་ཞུ་བྱས།

2012_8_1 2ཆུ་ཚོད་ ༩ པ་ནས་ཆོས་སྡེ་ཁག་ཅིག་ལ་གཟིགས་སྐོར་གནང་བ་དང་།  ཉིན་གུང་ཆུ་ཚོད་ ༡༡ ནས་ ༡༢ བར་ས་གནས་ཀྱི་འབྲེལ་ཡོད་ཚོགས་སྡེ་ཁག་གི་གནད་ཡོད་མི་སྣ་ཁག་དང་ལྷན་ནུ་བཞུགས་མོལ་ཚོགས་འདུ་བསྐོངས། ཉིན་རྒྱབ་ཉིན་སློབ་ཁག་གི་དགེ་སློབ་ཡོངས་ལ་གཟིགས་སྐོར་བཀའ་སློབ་གནང་བ་དང་།  སེ་ར་བྱེས་སྨད་གཉིས་ལ་གཟིགས་སྐོར་གྲུབ་རྗེས་སེ་ར་བླ་སྤྱི་རུ་དགེ་འདུན་པ་ཡོངས་ལ་བཀའ་སློབ་གནང་ཡོད་པ་རེད། སྐབས་དེར་ཁོང་གིས་ “བཀའ་བློན་ཁྲི་པས་ལས་ཁུར་ཞུས་ནས་ལོ་གཅིག་མ་ཟིན་ཙམ་གྱི་རིང་ལ་ཡར་མར་འགྲོ་རྒྱུག་གི་དཀའ་ལས་ཕྲན་བུ་བརྒྱབ་པ་ཡིན་ལ། འཐུས་ཤོར་ཆེན་པོ་རིང་ཤོར་མ་སོང་། ཅེས་དང་། འཐུས་ཤོར་མ་ཕྱིན་པ་དེ་གཙོ་བོ་མི་ཐོག་རྒན་པ་ཚོའི་བཀའ་དྲིན་ལ་བརྟེན་ནས་ང་ཚོའི་བོད་མིའི་སྒྲིག་འཛུགས་དེ་སྲ་ཐག་ཐག་ཅིག་ཡོད་པ་དང་། མི་མང་གིས་ཀྱང་ཕྱར་གྲུ་མཉམ་འདེགས་དང་ཆིག་སྒྲིལ་བྱས་པ་བཅས་ལ་བརྟེན་ནས་བྱུང་བ་ཞིག་ཡིན་” ཅེས་གསུང་ཡོད་པ་རེད། གཞན་ཡང་བཀའ་ཁྲི་མཆོག་གིས་དྲི་བ་ཞིག་གི་ལན་དུ་ “ཞི་བའི་ལམ་ནས་རྩ་དོན་རྩོད་པའི་སྐབས་ལ་སྐབས་དང་དུས་ལ་བསྟུན་རྒྱུ་རེད། རྒྱལ་སྤྱིའི་ཁོར་ཡུག་ག་འདྲ་འདུག རྒྱ་ནག་ནང་གི་གནས་སྟངས་ག་འདྲ་འདུག་ལྟ་དགོས་རེད། བོད་ནང་གི་བོད་མི་ཚོར་སེམས་ཤུགས་དང་སྙིང་སྟོབས་ཡོད་པ་ཧ་ཅང་གསལ་པོ་རེད། དེང་སྐབས་རྒྱ་ནག་གི་འགོ་ཁྲིད་བརྗེ་པོ་བརྒྱབ་ཡོང་གི་ཡོད་རེད། དེའི་ནང་ནས་མགོ་ཁྲིད་གསར་པ་སུ་ཡོང་གི་འདུག དེ་ལ་སོགས་པའི་སྤྱི་ཡོངས་ཀྱི་རྒྱ་ནག་གི་སྲིད་ཇུས་དང་། གཙོ་བོ་ཨེ་ཤ་ཡ་དང་རྒྱ་ནག་གི་སྲིད་ཇུས་ག་འདྲ་རེད་འདུག ཨ་རི་ལ་ག་འདྲ་རེད་འདུག་དེ་དག་ཚང་མ་བསྐྱར་ཞིབ་བྱས་པའི་ཐོག་ནས་ང་ཚོར་གོ་སྐབས་འདུག་གམ་མི་འདུག ཡོད་ན་ག་འདྲ་འདུག དེ་དག་ཚང་མ་ཤེས་དགོས་རེད་བསམ་གྱི་འདུག དེའི་ཆེད་དུ་ཕྱི་ཟླ་བཅུ་གཉིས་པའི་ནང་ང་ཚོས་རྒྱ་བོད་འབྲེལ་མོལ་ལ་ཞིབ་འཇུག་བྱེད་མཁན་གྱི་ཚོགས་ཆུང་ཞིག་ཡོད་པ་འཚོགས་རྒྱུ་རེད། དེའི་སྐབས་ལ་གྲོས་བསྡུར་ལྷུག་པོ་བྱས་ནས། ད་ལྟ་གནས་སྟངས་ག་འདྲ་རེད་འདུག འགྱུར་བ་ག་རེ་ག་རེ་འདུག་ཚང་མ་ཤེས་པའི་ཐོག་ནས། རིམ་པས་གཆར་གཞི་ག་རེ་འདང་དགོས་འདུག་གསལ་ཡོང་གི་རེད། གཙོ་བོ་ང་ཚོས་ཆོས་ཕྱོགས་ནས་བརྩིས་ན་བསོད་བདེ་བསོད་ནམས་ཀྱི་ལས་བསག་དགོས་ཡོད་རེད། ཆབ་སྲིད་ཐོག་ནས་བརྩིས་པ་ཡིན་ན། རྒྱལ་སྤྱིའི་གནས་སྟངས་དང་རྒྱ་ནག་གི་གནས་སྟངས་ལ་ལྟ་དགོས་ཡོད་རེད། བོད་མི་ནང་ཁུལ་ནས་བརྩིས་པ་ཡིན་ན། ང་ཚོའི་ཆིག་སྒྲིལ། ང་ཚོའི་སྙིང་སྟོབས། ང་ཚོའི་ཐབས་ཤེས་བཅས་ལ་རག་ལས་ཡོད་རེད་བསམ་གྱི་འདུག དེ་ཚོ་ཚང་མ་མཉམ་དུ་འཛོམས་པའི་ཉིན་མོར་ང་ཚོར་ཏན་ཏན་སྐབས་དང་དུས་ཤར་ཡོང་གི་རེད་བསམ་ཀྱི་ཡོད་”ཅེས་གསུང་ཡོད་པ་རེད།

ཕྱི་ཚེས་ ༡ ཉིན་གྱི་ཞོགས་པ་ཆུ་ཚོད་ ༩ པའི་ཐོག་བདེ་སྐྱིད་སླར་གསོའི་མི་མང་ཚོགས་ཁང་དུ་གཞིས་ཆགས་ཁག་གཉིས་ཀྱི་མི་མང་ལ་མང་གཙོ་དང་ཞི་བའི་ལམ། བཀའ་ཤག་གསར་བའི་ལྟ་གྲུབ་གསུམ་བཅས་ཀྱི་བརྗོད་གཞིའི་ཐོག་བཀའ་སློབ་གནང་སྐབས་“རང་ཁ་རང་གསོའི་བསམ་བློ་དེ་ཡོད་པ་ཡིན་ན་བོད་ཀྱི་ལ་རྒྱ། བོད་པ་ཡིན་པའི་སྤོབས་པ། སྙིང་སྟོབས། གདེང་ཚད་དགོས་པ་གལ་ཆེན་པོ་ཞེ་དྲག་རེད། བསམ་བློའི་ནང་ལ་དེ་མེད་ན་དང་པོ་སོ་སོ་རྐང་པའི་སྒང་ལ་ལང་ཐུབ་ཀྱི་མ་རེད། དཀའ་ལས་རྒྱག་ཐུབ་ཀྱི་མ་རེད། སླེབ་ས་དེར་སླེབ་ཐུབ་ཀྱི་མ་རེད། རྩ་དོན་རྩོད་ཐུབ་ཀྱི་མ་རེད། རྩ་དོན་རྩོད་མ་ཐུབ་ན་རྒྱ་ནག་ལ་གདོང་ལེན་བྱེད་ཐུབ་ཀྱི་མ་རེད། དེ་མ་ཐུབ་ན་བོད་ལུང་པར་ལོག་ནས་བོད་རྒྱལ་ཁབ་འཛིན་གྱི་ཡིན་ཟེར་ན་དཀའ་ལས་ཁག་པོ་ཞེ་དྲག་རེད།”ཅེས་རང་ཁ་རང་གསོའི་བསམ་བློའི་སློབ་གསོ་གལ་ཆེན་ཡིན་སྐོར་གསུང་ཡོད་པ་རེད། གཞན་ཡང་དེང་སྐབས་བོད་ནང་ནས་བོད་མི་མང་པོས་༸རྒྱལ་བ་རིན་པོ་ཆེ་བོད་ལ་གདན་ཞུ་བྱེད་པ་དང་། བོད་ལ་རང་དབང་ཡོང་བའི་ཆེད་དུ་མི་མང་པོས་རང་ལུས་མེ་རུ་སྤར་བཞིན་ཡོད་པ་དག་གྲངས་ཀའི་ངོ་བོར་མ་གྱུར་བར། ཁོང་ཚོ་ཚང་མ་ང་ཚོ་དང་གཅིག་མཚུངས་ཀྱི་ལུས་སེམས་ཀྱི་ཚོར་བ་ལྡན་པའི་མི་ཤ་རྟགས་ཡིན་པ་དང་། ཁོས་ཚོས་བོད་མི་རིགས་ཀྱི་ཆེད་དུ་དང་། རང་དབང་གི་ཆེད་དུ། ང་ཚོའི་ཆེད་དུ་ལུས་སྲོག་བློས་གཏོང་བྱེད་ཀྱི་ཡོད་པའི་གནས་ཚུལ་གསལ་པོ་ཧ་གོ་དགོས་ཀྱི་ཡོད་པའི་བཀའ་སློབ་ཀྱང་གནང་ཡོད་པ་རེད། ཉིན་རྒྱབ་ནས་བོད་ཁྱིམ་སློབ་གྲྭ་དང་། ཐེག་ཆེན་རྣམ་གྲོལ་གླིང་སོགས་སུ་གཟིགས་སྐོར་དང་གསུང་བཤད་གནང་རྗེས་མེ་སོར་གྲོང་ཁྱེར་དུ་ཕྱིར་ཕེབས་གནང་ཡོད་པ་རེད། ཐེངས་འདིའི་བཀའ་ཁྲིའི་གཟིགས་སྐོར་ནི་ཁོང་གིས་བཀའ་ཁྲིའི་འགན་ཁུར་རྗེས་ཀྱི་ས་གནས་སྦེལ་ཀོབ་དུ་གཟིགས་སྐོར་ཐོག་མ་དེ་ཡིན་པ་དང་། ཉིན་གཉིས་ཀྱི་རིང་ལ་ས་གནས་ཀྱི་ཚོགས་སྡེ་ཁག་ ༡༦ ནང་གཟིགས་སྐོར་དང་གཏམ་བཤད་ཁག་ ༦ སྤེལ་ཡོད་པ་རེད།  །
མེ་སོར་གསར་འགོད་པས།

Share this:
༥༧ ཀློག་གྲངས།