མང་གཙོའི་ཁས་ལེན་དམ་བཅའ་ལ་མི་གནོད་དམ།

བོད་ཀྱི་དུས་བབ། སྤྱིའི་འདོན་ཐེངས་༥༥༢ ཕྱི་ལོ་༢༠༡༢ ཟླ་༤ ཚེས་༢༠ ཤོག་གྲངས་༦ འོག་ཕྲེང་ནང། བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་ལ། ལམ་དབུ་མའི་མདུན་ལམ་སྐོར་ལ།

བཀའ་ལན། “བོད་དེ་དང་པོ་སྲིད་པ་ཆགས་སྐབས་ནས་སྟོབས་ཆེན་རྒྱལ་ཁབ་རྒྱ་གར་དང་རྒྱ་ནག ཨུ་རུ་སུ། སོག་པོ་བཅས་ཀྱི་བར་དུ་གནས་ཡོད་ཀྱང། ༡༩༥༡ བར་བོད་ལ་སྟོབས་ཆེན་རྒྱལ་ཁབ་སུས་ཀྱང་ཆ་ཚང་དབང་བསྒྱུར་བྱས་པའི་ལོ་རྒྱུས་མེད་པར།” ཞེས་པ་ནས། “དབུ་མའི་ལམ་གྱི་སྲིད་བྱུས་ཀྱིས་རྒྱ་ནག་མང་གཙོའི་ལམ་ཕྱོགས་ཐོག་བསྐུལ་འདེད་གཏོང་ཐུབ་ཡོད།”

གསར་འགོད་པས། ཚེ་བརྟན་རྡོ་རྗེ་མ་བུ་གསུམ་གྱིས་བོད་རྒྱའི་རྒྱལ་དར་འཁྱེར་ཏེ་ལས་འགུལ་སྤེལ་བཞིན་པར་གཟིགས་ཚུལ་དྲི་བ་ཞུས་པར། བཀའ་ལན། “ང་ཚོས་ཁ་གཏད་སྐབས་མི་རིགས་ཤིག་གི་བརྩི་མཐོང་དང་མཚོན་རྟགས་ཡིན་པ་ཞིག་ལ་དམའ་འབེབས་བཏང་ན།” ནས། “རྒྱ་ནག་(གི་)རྒྱལ་དར་མེར་བསྲེག་གཏོང་བ་དང། རྡོག་རྫུས་(བརྫིས་)བཏང་ན་དེ་བཟང་སྤྱོད་དང་མཐུན་པ་ཞིག་ལ་ངོས་འཛིན་ཞུ་གི་མེད།” ཅེས་གསུངས་འདུག་པ་དེ་ནི་སྐྱེས་བུ་དམ་པའི་བཀའ་ལོས་ཡིན། རང་རེའི་རྒྱལ་དར་ཆོས་སྲིད་གཉིས་ཀའི་མཚོན་དོན་ཡོད་པ་དེ་དང། རྒྱ་དམར་གྱི་རྒྱལ་གླུུའི་ཚིག་ལ་མི་མང་པོ་སྲོག་བཅད་པའི་ཁྲག་མདངས་ཡིན་ཟེར་བའི་རྒྱ་དམར་གྱི་དར་ཆ་མཉམ་འཁྱེར་བྱེད་རྒྱུ་དེ། བོད་པ་མི་མང་གི་བསམ་པའི་ཆེ་མཐོང་ལ་ཆ་འཇོག་ཏིལ་ཙམ་མེད་པའི་རང་རྟགས་སམ། ཡང་ན་སྐྱབས་བཅོལ་གཞུང་ལ་དགོངས་སྐོར་ཞུ་དགོས་པ་ཞིག་མིན་ནམ།

“ང་རང་སྒེར་ངོས་ནས་དེ་ལ་ངོ་རྒོལ་བྱ་འདོད་གང་ཡང་མེད། ངས་བལྟས་ནས་ཁོ་རང་ལ་རྒྱབ་ལྗོངས་ཀྱི་དགོངས་པ་བཞེས་སྟངས་ཤིག་ཏན་ཏན་ཡོད་ཀྱི་རེད།”  ཅེས་ཞེ་ས་བཅས་གསུངས་པ་ལོས་བདེན། ཡིན་ནའང། རྒྱབ་ལྗོངས་ཀྱི་ཚིག་ལ་རེ་མ་དགོས་པའི་བོད་པའི་ངེས་ཚིག་མི་འདྲ་བ་ལྔ་དྲུག་ངེས་པར་ཡོད་ངེས། རྒྱ་གར་ནས་བཀའ་བསྟན་བཅོས་མང་པོ་དེ་ཙམ་བསྒྱུར་དུས་ཚིག་གིས་ཕོངས་པ་བྱུང་ཚུལ་མཐོང་ཐོས་མེད་ངེས་ཡིན། ཡང་དབུ་མའི་ལམ་གྱི་སྲིད་བྱུས་ཀྱིས་རྒྱ་ནག་མང་གཙོ་ཅན་དུ་འགྱུར་བར་ཤུགས་རྐྱེན་ཐེབས་ཀྱི་ཡོད་མེད་དྲིས་པར། “རྒྱ་ནག་གི་མི་སུ་ལ་སྐད་ཆ་དྲིས་ན་ཡང། བརྒྱ་ཆ་༩༠ ཙམ་གྱིས་བོད་ཁ་བྲལ་དུ་སོང་ན་འགྲིག་གི་མ་རེད་ཟེར་གི་རེད། རྒྱ་རིགས་མང་ཆེ་ཤོས་ཀྱིས་རྒྱ་བོད་གཉིས་མཉམ་འབྲེལ་ཐོག་སྡོད་དགོས་པ་རེད་ཟེར་གྱི་ཡོད།” གསུངས་འདུག་ཀྱང། གོང་དུ་ནི་“བོད་དེ་དང་པོ་སྲིད་པ་ཆགས་སྐབས་ནས་ ཞེས་པ་ནས་༡༩༥༡ བར་བོད་ལ་སྟོབས་ཆེན་རྒྱལ་ཁབ་སུས་ཀྱང་ཆ་ཚང་དབང་བསྒྱུར་བྱས་པའི་ལོ་རྒྱུས་མེད་པར་”ཞེས་པ་ནས་ “བོད་ནི་དབུས་ཨེ་ཤ་ཡའི་གླིང་ཆེན་ནང་མི་ཚང་མས་ཞེད་སྣང་བྱ་སའི་སྟོབས་ཆེན་རྒྱལ་ཁབ་ཅིག་གི་ངོ་བོར་གནས་ཡོད་ཚུལ་དང།” ཞེས་དང། “འགྲོ་མགོན་ཆོས་རྒྱལ་འཕགས་པས་”ཞེས་པ་ནས་“ཁྱིམ་མཚེས་རྒྱལ་ཁབ་ཚོས་དབང་བསྒྱུར་བྱས་པའི་གནས་སྟངས་བྱུང་མྱོང་མེད་པ་དང།”ཞེས་སོགས་བཀའ་གནང་བཞིན་དུ། “ད་བར་ང་རང་བོད་རྒྱ་ནག་དང་ཁ་བྲལ་ཏེ་རང་བཙན་བྱས་པ་འགྲིག་གི་རེད་ཟེར་མཁན་གཅིག་མ་གཏོགས་ཐུག་མ་སོང།”ཞེས་སོགས་བཀའ་གནང་ན། ད་ཆ་མདོ་སྟོད་སྨད་ཀྱི་བོད་པ་ཕོ་མོ་ཁྱད་མེད་དང། གཞོན་པ་ལོ་བཅུ་བདུན་བཅོ་བརྒྱད་ཙམ་ཡིན་པ་འགའ་ཤས་ནས་ཀྱང་རང་ཡུལ་རང་བཙན་གྱི་དོན་དུ། ལུས་སྲོག་ཕངས་མེད་དུ་བཏང་དང་གཏོང་བཞིན་པ་ལ། རྗེ་བཙུན་བྱམས་པ་མགོན་པོས། “ཆོས་ཀྱི་དོན་དུ་སྲོག་གཏོང་བ།” ནས། “ཕྱིར་མི་ལྡོག་པའི་རྟགས་དག་ཡིན།”ཞེས་པ་ལྟ་བུའི་གསུང་གིས་སེམས་གསོ་གཏོང་རྒྱུར་ཐུགས་ལ་མ་བབས་ན་ཡང། བོད་ལ་ལྷག་བསམ་ཅན་ཚོ་ཡི་ཐང་ཆད་འཇུག་པ་གནང་ན་སྐུ་སྡིག་མི་ཡོང་ངམ། གུས་པས་དྲང་གཏམ་ཞིག་ཞུ་དགོས་བྱུང་དོན་ནི། ༧གོང་ས་༧སྐྱབས་མགོན་བཅུ་གསུམ་པས། བཀྲས་མཐོང་བུ་རིག་འཛིན་རྣམ་རྒྱལ་དཔའ་ཤོད་རཀ་རའི་སྐྱེ་སྲིད་དུ་ངོས་འཛིན་ན་འཐུས། ཞེས་ཕྱག་རྟགས་གནང་བ་བཞིན་ད་ལྟའང་མདོ་སྟོད་ཀྱི་ཁོངས་སུ་ཡོད་པས་མགྲིན་ཚབ་བྱས་ཏེ། མཐའ་དོན་ཞུ་རྒྱུ་ནི། མཛད་སྒོའི་གསུང་བཤད་དབུ་བཙུགས་སྐབས་ལ་ནི། སྲིད་པ་ཆགས་སྐབས་ནས་སྟོབས་ཆེན་རྒྱལ་ཁབ་རང་དབང་རང་བཙན་ཡིན་པ་དང། ཡང་མཐའ་སྡོམ་དུ་ནི་རྒྱ་བོད་མཉམ་འབྲེལ་དུ་གནས་པ་མ་གཏོགས། ཁྱིམ་པ་ཕོ་མོ་ལྟར་ཁ་བྲལ་མི་ཆོག་ཅེས་བཀའ་ནན་གནང་ན། མང་གཙོའི་ཁས་ལེན་དམ་བཅའ་ལ་མི་གནོད་དམ། རབ་ཏུ་གུས་པའི་ཕྱག་བཅས། བོད་རྒན་རཀ་ར་བཀྲས་མཐོང་པས། ༢༠༡༢ ཟླ་༥ ཚེས་༢༣ ལ་ཕུལ།

རྩོམ་སྒྲིག་པའི་གསལ་བཤད།
བོད་པའི་སྤྱི་ཚོགས་ནང་གི་མཁས་པ་རྒན་གྲས་བཀྲས་མཐོང་རཀ་ར་རིན་པོ་ཆེ་ཕྱི་ཟླ་༧ ཚེས་༡༠ ཉིན་སུད་སི་རྒྱལ་ཁབ་ནས་སྐུ་གཤེགས་ཟིན་ནའང། རྩོམ་ཡིག་འདི་ཕྱི་ཟླ་༥ ཚེས་༢༣ ཉིན་བྲིས་འདུག ཁོང་གི་རྩོམ་ཡིག་ལ་མཚན་རྟགས་དང། གསར་ཤོག་ཏུ་ངེས་འགོད་ཡོང་བའི་འབོད་སྐུལ་ཡིག་ཆུང་འདི་དང་བཅས་ཕྱི་ཟླ་༧ ཚེས་༣༡ ཉིན་འདི་ག་གསར་ཁང་དུ་སྦྲག་བརྒྱུད་ནས་འབྱོར་སོང་བས་གསར་ཤོག་ཏུ་བཀོད་ཡོད། རཀ་ར་རིན་པོ་ཆེ་ནི་དུས་རྒྱུན་བོད་ཀྱི་བང་ཆེན་གསར་ཤོག་མངགས་ཉོ་གནང་མཁན་དང། གསར་ཤོག་ནང་ཁོང་གི་རྩོམ་ཡིག་ཁག་ཅིག་ཀྱང་འགོད་འགྲེམས་བྱེད་རྒྱུའི་གོ་སྐབས་བྱུང་ཡོད་ལ། ད་ལན་གོ་སྐབས་འདི་བརྒྱུད་ནས་ཁོང་ལ་མྱ་ངན་དང་རྗེས་དྲན་ཞུ་བཞིན་ཡོད། ད་དུང་ཞུ་རྒྱུ་ཞིག་ལ་ཁོང་གི་རྩོམ་ཡིག་འདི་ལ་ཁ་བྱང་བཏགས་མི་འདུག་ཀྱང། མཐའ་མའི་དྲི་ཚིག་དེ་རྩོམ་ཡིག་དེའི་བསྡུས་དོན་ལྟ་བུར་མཐོང་ནས་ཁ་བྱང་དུ་རྩོམ་སྒྲིག་པས་བཀོད་པ་བཅས་ཀྱི་གསལ་བཤད་དུ།
བོད་ཀྱི་བང་ཆེན་རྩོམ་སྒྲིག་པས།

Share this:
༡༣༥ ཀློག་གྲངས།