རྒྱབ་སྐྱོར།

རྒྱལ་གཅེས་ཕུལ་བྱུང་དཔའ་བོ་སྤྲུལ་སྐུ་བསྟན་འཛིན་བདེ་ལེཌ་རིན་པོ་ཆེ་

མཆོག་ལ་རྒྱབ་སྐྱོར་གྱིས་མིང་རྟགས་བསྡུ་རུབ་བྱས་པའི་ལས་འགུལ།

http://www.youtube.com/watch?v=DMAcrSL2dL4


རྒྱལ་གཅེས་དཔའ་བོ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་ཐུབ་བསྟན་ཆོས་ཀྱི་ཉི་མ་དཔལ་བཟང་པོ་མཆོག་ནི། ཕྱི་ལོ་༡༩༥༠ ལོའི་བོད་ཟླ་༩ པའི་ལྷ་བབས་དུས་ཆེན་ཉིན། ངོ་མཚར་རྨད་བྱུང་གི་སྔ་ལྟས་བཟང་པོ་དང་བཅས། ཡབ་ཚེ་དཔག་རྡོ་རྗེ་དང་ཡུམ་སྒྲོལ་མ་ཆོས་འཛོམས་གཉིས་ཀྱི་སྲས་སུ་མདོ་ཁམས་ལི་ཐང་དུ་སྐུ་འཁྲུངས་པ་རེད།

དགུང་ལོ་བདུན་པའི་ཐོག ལི་ཐང་དགོན་ཆེན་དུ་ཆོས་ཞུགས་མཛད་པ་དང་། དེ་རྗེས་རྒྱ་ནག་གི་གདུག་རྩུབ་མནར་གཅོད་འོག མདོ་ཁམས་ཁུལ་གྱི་བོད་མི་སྤྱི་བྱིངས་ལྟར་སྡུག་བསྔལ་དཔག་ཏུ་མེད་པ་མྱང་དགོས་བྱུང་ཞིང་། ལྷག་པར་དུ་རིན་པོ་ཆེ་ཁོང་། སྤྱི་ཚོགས་བསམ་བློ་བ་དང་བོད་མིའི་ལ་རྒྱའི་བདག་པོ་ལྟ་བུའི་མཛད་ཚུལ་བཞེས་པར། གུང་ཁྲན་གྱི་ཕྱོགས་ནས་བོད་མི་གཞན་དང་མི་འདྲ་བར་རིན་པོ་ཆེ་ཁོང་ལ་ལྟ་སྟངས་སྡུག་པོའི་འོག དུས་ནམ་ཡང་མེ་མདའི་སོ་ཁ་དང་སྡིགས་རའི་ཁྲོད་དུ་བཞུགས་དགོས་བྱུང་ཡོད་པ་རེད།

ཕྱི་ལོ་༡༩༨༢ ལོར་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་ཏེ་༸གོང་ས་མཆོག་གི་མདུན་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས་ཤིང་། ༸གོང་ས་ཡིད་བཞིན་ནོར་བུ་སྐུ་ཕྲེང་བཞི་པ་ཆེན་པོ་མཆོག་གིས་ཀྱང་། དགེ་བཤེས་ཨ་དམ་ཕུན་ཚོགས་ཀྱི་ཡང་སྲིད་འཁྲུལ་བྲལ་དུ་ཕྱག་རྟགས་གནང་སྟེ་མཚན་ལ་བསྟན་འཛིན་བདེ་ལེགས་ཞེས་གསུངས། དེ་ནི་རྒྱ་ནག་གི་ཕྱོགས་ནས་བཤད་ན་བཟོད་ཐབས་བྲལ་བའི་གསར་འགྱུར་ཞིག་གཞུང་འབྲེལ་ཡིག་ཐོག་ནས་ཉར་དགོས་བྱུང་བ་རེད།

ཕྱི་ལོ་༡༩༨༧ ལོར་ཕ་ཡུལ་མི་མང་གིས་རེ་འདོད་ལྟར་སླར་ཡང་མདོ་ཁམས་སུ་ཆིབས་ཞལ་བསྒྱུར་ཏེ། སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་ཡང་སྒོས་བོད་མི་རིགས་དང་རིག་གནས་ཀྱི་བླ་སྲོག་ལྟ་བུར་གྱུར་ཏེ། གཞལ་ཐབས་བྲལ་བའི་བཀའ་དྲིན་ཤིན་ཏུ་ཆེ་ཡང་། གུང་ཁྲན་གྱི་སྙིང་ནད་རླུང་གིས་སྤུར་ཏེ་རིན་པོ་ཆེ་མཆོག་གི་སྤྱི་དོན་འཕྲིན་ལས་ཡོངས་རྫོགས་ལ་གཞི་མེད་ཀྱི་སྒྲོ་སྐུར་དང་དགག་རྒྱག་ནན་པོ་བྱས་ཡོད། ཕྱི་ལོ་༡༩༩༧ དང་ཕྱི་ལོ་༢༠༠༠ ལོར་སོ་སོར་ཉེས་མེད་འཇུ་བཟུང་གི་ལས་འཆར་སྔ་ཕྱིར་ཐེངས་གཉིས་སྤེལ་ཡང་། གུང་ཁྲན་གྱི་ཇག་དམག་ཚོར་ལམ་འགྲོ་རྩ་བ་ནས་རྒྱུག་མེད།

འོན་ཀྱང་གོ་འདོད་མེད་པའི་གསར་འགྱུར་ཞིག་ལ། ཕྱི་ལོ་༢༠༠༢ ལོའི་སྤྱི་ཟླ་༤ པའི་ཚེས་༧ ཉིན་གྱི་མཚན་མོར་སི་ཁྲོན་ཞིང་ཆེན་གྱི་གསང་ལས་མི་སྣ་དང་དྲག་ཆས་ཉེན་རྟོག་ཁ་མཐུན་ཐོག མི་འཇམ་ཁྱི་འཇམ་གྱི་མཚན་མོའི་དུས་ཚོད་དམ་འཛིན་དང་འཇམ་རྒོལ་བྱས་ཏེ། རིན་པོ་ཆེ་དང་ཁོང་གི་སློབ་མ་གཙོ་གྲས་བཞི་བཅས། གློ་བུར་རྡུང་བརྡེག་ཚབས་ཆེན་གྱིས་བཙན་བཟུང་དང་ལྐོག་ཁྲིད་བྱས་པའི་གནས་ཚུལ་ཐོན།  གུང་ཁྲན་གྱིས་རིན་པོ་ཆེ་འཁོར་བཅས་རྦད་དེ་མེད་པར་བཟོ་བའི་ཇུས་ངན་འཆར་གཞིའི་ནང་། ཨ་རིའི་ནང་བྱུང་བའི་འཇིགས་སྐུལ་བས་༩/༡༡ གི་དོན་རྐྱེན་དེས། འཛམ་གླིང་གི་མི་རྣམས་འཇིགས་སྐུལ་བ་ལ་ཞེན་པ་ལོག་བཞིན་པའི་དུས་ཚོད་བེད་སྤྱད་དེ། རིན་པོ་ཆེ་སྐུ་འཁོར་བཅས་ལ་ཁྲིན་ཏུའི་འབར་གས་གནད་དོན་ཐད་འབྲེལ་བ་ཡོད་པའི་འཇིགས་སྐུལ་བའི་ནག་ཉེས་བཙན་འགལ་བྱས་པ་མ་ཟད།

ཕྱི་ལོ་༢༠༠༢ ཟླ་བ་༡༢ ཚེས་༢ ཉིན་སི་ཁྲོད་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་འབྲིང་རིམ་མི་མང་ཁྲིམས་ཁང་ནས། རིན་པོ་ཆེའི་སློབ་མ་ཞིང་པ་བློ་བཟང་དོན་འགྲུབ་ལགས་སྲོག་ཐོག་དང་། རིན་པོ་ཆེ་མཆོག་ལོ་གཉིས་ཕར་འགྱངས་ཀྱིས་སྲོག་ཐོག་གཏོང་རྒྱུའི་ཁྲིམས་ཐག་བཅད་ཡོད། དེ་མ་ཐག་རྒྱ་ནག་སྐམ་ས་ཆེན་མོའི་ལས་རིགས་མི་སྣ་༢༤ ཡིས། ཐག་གཅོད་དེའི་སྐོར་སྐྱར་དུ་གོང་ཞུ་གྱོད་གཏུག་ཞིབ་དཔྱོད་ཀྱི་བསམ་འཆར་ཡི་གེ་རྒྱ་གཞུང་ལ་ཕུལ་བ་དང་སི་ཁྲོན་གྱི་ཕྱི་ཕྱོགས་ནས་ཁྲིམས་རྩོད་པ་གྲ་སྒྲིག་བྱས་པ་རེད།

འོན་ཀྱང་དེ་ལས་ཐབས་རྡུགས་པ་ཞིག་ལ། ཕྱི་ལོ་༢༠༠༣ ཟླ་༡ ཚེས་༢༦ རེ་གཟའ་ཉི་མའི་ཉིན། སི་ཁྲོན་ཞིང་ཆེན་མཐོ་རིམ་མི་མང་ཁྲིམས་ཁང་གི་རིན་པོ་ཆེའི་གོང་གཏུག་གྱོད་གཞིའི་གཙོ་འགན་འཁུར་ལེན་པ། ཁྲིམས་དཔོན་ཝང་ཅིང་ཧུང་གིས་དངོས་ཡོད་རིན་ཐང་ཅན་གྱི་དཔང་རྟགས་དང་ཁྲིམས་ལུགས་རྡོག་རོལ་གྱིས། ལྐོག་ལས་ཁོ་ན་བེད་སྤྱོད་དང་། དཀར་མཛེས་འབྲིང་རིམ་ཁྲིམས་གཙོ་བའི་ཁ་རྒྱུག་བྱས་ཏེ་བློ་བཟང་དོན་འགྲུབ་ལགས་འཕྲལ་དུ་སྲོག་ཐོག་དང་། རིན་པོ་ཆེ་ལོ་གཉིས་ཕར་འགྱངས་ཀྱི་སྲོག་ཐོག་ཁྲིམས་གཅོད་གཏམ་ངན་སྐྱར་དུ་ཁྱབ་བསྒྲགས་བྱས་པ་རེད། དེ་རྗེས་སུ་ང་ཚོས་ཆེས་མུན་ནག་གི་དོང་ནང་ནས་འོད་ཐིགས་ཤིག་མཐོང་ཐུབ་པ་ནི། དྲང་བདེན་དང་འགྲོ་བ་མིའི་རིན་ཐང་ལ་བརྩི་བཀུར་གནང་མཁན། རྒྱལ་སྤྱིའི་ཐོག་ནས་རྒྱལ་ཁབ་དང་ཆེས་མཐོའི་མི་སྣ་མང་པོས་སྣེ་འཁྲིད་དེ་རྒྱ་ནག་ལ་གནད་དོན་དེ་འབྲེལ་གྱི་ངོ་རྒོལ་དང་བརྡ་ལན་ཤུགས་ཆེན་གནང་བར་བརྟེན། རིན་པོ་ཆེ་མཆོག་སྲོག་ཐོག་ཁྲིམས་ཆད་རྦད་དེ་ཁ་བསྒྱུར་ཐུབ་པ་བྱུང་ཡོད། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དང་འབྲེལ་བའི་གནས་ཚུལ་ནི། བོད་མི་རིགས་ལ་རྒོལ་བའི་རྒྱ་ནག་གི་ལྐོག་ཇུས་ཀྱི་ཆ་ཤས་ཤིག་ཡིན་པ་དང་། རིན་པོ་ཆེ་འཁོར་བཅས་འཇིག་རྟེན་ཐོག་རྦད་དེ་མཇལ་རྒྱུ་མེད་པ་བཟོ་བའི་གནད་དོན་འབའ་ཞིག་ཡིན་པ་ལས། གནད་དོན་གཞན་ཅི་ཡང་མཐོང་རྒྱུ་མེད། རྒྱ་ནག་གི་ལྐོག་ཚོགས་གྲོས་རའི་ནང་། རྒྱ་བོད་ཀྱི་གནད་དོན་ནི་ཁྱོད་ཤི་ང་གསོན་གྱི་འཐབ་རྩོད་ཅིག་ཡིན་ཞེས་བརྗོད་གཞིན་པ་དེ་ལ་ཐུག་ཡོད་པ་རེད།

ཕྱི་ལོ་༡༩༩༤ ལོར་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་པར། ང་ཚོ་དང་ཏཱ་ལའི་རུ་ཚོགས་དབར་གྱི་འཐབ་རྩོད་ངོ་བོ་ནི། འཆི་གསོན་གྱི་འཐབ་རྩོད་ཅིག་ཡིན་པར་ཚོགས་ཐོག་ནས་ཁ་ཤོར་མྱོང་བས། གནད་དོན་དེ་གཅིག་པུའི་ཐོག་ནས་རིན་པོའི་ཆེའི་གནད་དོན་གང་ཡིན་པ་ང་ཚོས་གསལ་པོ་ཤེས་ཐུབ། ཕྱི་ལོ་༢༠༠༩ ལོའི་ཟླ་བ་༡༢ པའི་ནང་རིན་པོ་ཆེའི་སློབ་མ་དང་ལི་ཐང་མི་མང་གིས་རིན་པོ་ཆེ་དང་འབྲེལ་བའི་གནད་དོན་ཐོག རྒྱ་ནག་ལ་ཞི་རྒོལ་གསོག་གཏོང་བྱས་པའི་གནས་ཚུལ་རྒྱ་ནག་གིས་དྲན་གསོ་བྱ་དགོས་པ་དང་། ད་ལོ་ནི་བོད་ཀྱི་རྒྱལ་གཅེས་དཔའ་བོ་མཆོག་སྤྲུལ་རིན་པོ་ཆེ་བསྟན་འཛིན་བདེ་ལེགས་ཐུབ་བསྟན་ཆོས་ཀྱི་ཉི་མ་དཔལ་བཟང་པོ་མཆོག རྒྱ་ནག་གིས་མ་ཉེས་ཁག་གཡོག་དང་འཇབ་རྒོལ་བཙན་འཁྲིད་བྱས་ཏེ་ལོ་བཅུ་འཁོར་གྱི་ཡོད་པ་དང་། ད་ལྟའི་རྒྱ་ནག་གི་བདེ་འཇགས་བློ་ཆེན་གྱི་མིང་འཛིན་པ་ཀྲིག་ཡོང་ཁང་གིས། སོ་སོའི་རྐུབ་བཀྱག་གཅིག་པུའི་ཆེད་དུ་རྒྱ་བོད་མི་རིགས་གཉིས་ཀྱི་འཁོན་འཁྲུགས་འཛེམས་ཟོན་མེད་པར་བསླངས་ཤིང་། ལྷག་པར་སི་ཁྲོན་ཁུལ་བོད་རྒྱ་མི་རིགས་གཉིས་ཀྱི་མཐུན་འབྲེལ་གཏོང་གཤིག་བཏང་སྟེ། སྲོག་རིན་སྲོག་འཇལ་དང་ཁྲག་རིན་ཁྲག་འཇལ་གྱི་དོན་རྐྱེན་ཚབས་ཆེན་བསླངས་པའི་ནོར་འཁྲུལ་ཁྱབ་བསྒྲགས་བྱེད་པའི་དུས་ཚོད་ཅིག་ཡིན་པས། ང་ཚོ་བོད་མི་དང་བོད་རིགས། དྲང་བདེན་དང་གུས་བརྩི་ལ་དགའ་བ། སྤྱི་ཚོགས་ཀྱི་འགན་འཁུར་བའི་འཛམ་གླིང་མི་མང་ཚང་མས་དུས་གཅིག་ཏུ་ཀྲིག་ཡོང་ཁང་གི་ནོར་འཁྲུལ་ཁྱབ་བསྒྲགས་བྱེད་པའི་མིང་རྟགས་བསྡུ་རུབ་དང་། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེས་གཙོས་པའི་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་མགྱོགས་མྱུར་ངང་གློད་གྲོལ་དགོས་པའི་འབོད་བརྡ་གཏོང་བཞིན་ཡོད། སེར་སྨད་བློ་དགའ་ནས་གནས་ཚུལ་ཕྱོགས་བསྒྲིགས་ཞུས། 

Share this:
༡༢༦ ཀློག་གྲངས།