བྱང་ཤར་ཁུལ་གྱི་བདེན་པའི་མེ་ལྕེ་སྐོར་བསྐྱོད་དེ་མེའོ་ལ་འབྱོར་འདུག

ཐོག་མར་བྱང་ཤར་ཁུལ་ནས་འགོ་བཙུགས་གནང་པའི་བདེན་པའི་མེ་ལྕེ་སྐོར་བསྐྱོད་དེ། ཟླ་འདིའི་ཕྱི་ཚེས་༢ ཉིན་ཏི་ཛུ་དར་རྒྱས་གླིང་ས་གནས་སུ་སྐོར་བསྐྱོད་གྲུབ་རྗེས་མེའོ་ས་གནས་འགོ་འཛིན་མཆོག་ལ་རྩིས་སྤྲོད་གནང་ཡོད་པ་རེད་འདུག

དེ་ཡང་ཏི་ཛུ་དར་རྒྱས་གླིང་ས་གནས་འགོ་འཛིན་གྱིས་འདི་གར་གནས་ཚུལ་བཏང་འབྱོར་ལྟར་ན། ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༣༠ ཉིན་སྔ་དྲོ་ཚོུད་ ༨།༤༥ ཐོག་འདི་གའི་༸རྒྱལ་བའི་ཕོ་བྲང་མདུན་དུ་ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་དང། ས་གནས་འགོ་འཛིན། ས་གནས་རང་བདེན་ཚོགས་གཙོ། གཞན་ཡང་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ཚོགས་གཙོ་རྣམ་པ་དང་། སློབ་ཕྲུག་སེར་སྐྱ་མི་མང་༢༥༠ བརྒལ་བ་ལྷན་འཛོམས་ཐོག ས་གནས་འགོ་འཛིན་གྱིས་ལས་འགུལ་གྱི་དམིགས་ཡུལ་དང་དགོས་པ་སོགས་མི་མང་ལ་ངོ་སྤྲོད་གནང་ཡོད་པ་རེད།

དེ་བཞིན་ཕྱི་ཚེས་༣༡ ཉིན་དགོངས་དྲོ་ཕྱག་ཚོད་ ༤།༣༠ ཐོག་༸རྒྱལ་བའི་ཕོ་བྲང་མདུན་ཐང་དུ་མི་མང་ལྷན་འཛོམས་ཐོག  བོད་བསྟན་སྲིད་མི་རིགས་ཆེད་ལུས་སྲོག་བློས་བཏང་ཟིན་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་བསྔོ་སྨོན་ལམ་མཆོད་འབུལ་དང་ཞབས་རིམ་གསོག་སྒྲུབ་གནང། དེ་རྗེས་མི་མང་གིས་བདེན་པའི་མེ་ལྕེའི་སྐོར་བསྐྱོད་ཀྱིས་ཕོ་བྲང་ནས་གཞིས་གྲོང་དང་པོའི་དགོན་པ་དང་གཞིས་གྲོང་གཉིས་པའི་དགོན་པ། གཞིས་གྲོང་ལྔ་པའི་དགོན་པ་བཅས་སུ་གོམ་བགྲོད་བྱས་མཐར་༸རྒྱལ་བའི་ཕོ་བྲང་དུ་འཛོམས་ཏེ་བདེན་ཚིག་སྨོན་ལམ་གསུང་དོན་གནང་ཏེ་ལས་འགུལ་མཇུག་བསྒྲིལ་གནང།

ཕྱི་ཚེས་ ༡ ཉིན་འབྲེལ་ཡོད་རྫོང་དཔོན་ལས་ཁུངས་ནས་མཆོག་མཆན་མ་ཐོབ་པར་བརྟེན། ཏི་ཛུ་ཁྲོམ་གཞུང་དུ་སྐོར་བསྐྱོད་བྱས་ཐུབ་མེད་ཀྱང་། དེ་ཉིན་ཁྲོམ་གཞུང་དང་རྒྱ་གར་ཡུལ་མི་གནས་འཁོད་ཁག་ཏུ་བསྐྱོད་དེ་ས་རྟགས་བསྡུ་རུབ་ཀྱི་ལས་འགུལ་སྤེལ་སྐབས་ཡུལ་མི་༡༥༠༠ ལྷག་གི་ས་རྟགས་བསྡུ་རུབ་ཐུབ་པ་བྱུང་སོང་བ་དང་། ཕྱི་ཚེས་ ༢ ཉིན་སྔ་དྲོ་ཕྱག་ཚོད་ ༦།༠༠ ཐོག་ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་དང་ས་གནས་རང་བདེན་ཚོགས་གཙོ། ས་འགོའི་ལས་དྲུང་བཅས་ཏི་ཛུ་ནས་ཕེབས་ཐོན་གྱིས་བདེན་པའི་མེ་ལྕེ་མེའོ་ས་གནས་འགོ་འཛིན་མཆོག་ལ་རྩིས་སྤྲོད་གནང་ཡོད་པ་རེད།

Share this:
༤༥ ཀློག་གྲངས།