༧གོང་ས་མཆོག་གི་དགུང་གྲངས་དང་མཉམ་པའི་ཤིང་སྡོང་།

lions club1དེ་རིང་ཞོགས་པར་དྷ་སར་ཡོད་པའི་lions club dharamsala ཞེས་པའི་རྒྱ་གར་བའི་ཚོགས་པས་དྷ་ས་ཚེ་མཆོག་གླེང་དུ་༧གོང་ས་མཆོག་དགུང་གྲངས་༧༧ ལ་ཕེབས་པའི་འཁྲུངས་སྐར་ལ་འཚམས་འདྲིའི་ཆེད་རླུང་རྟ་བཏགས་པ་དང་ཤིང་སྡོང་གྲངས་༧༧ གསར་འཛུགས་བྱས་སོང་།

དེ་ཡང་ཟླ་འདིའི་ཕྱི་ཚེས་༥ ཉིན་གྱི་ཞོགས་པའི་ཆུ་ཚོད་༡༡ སྟེང་། དྷ་སར་ཡོད་པའི་lions club dharamsala ཞེས་པའི་རྒྱ་གར་བའི་ཚོགས་པས་གོ་སྒྲིག་འོག ༧གོང་ས་མཆོག་དགུང་གྲངས་༧༧ ལ་ཕེབས་པའི་འཁུངས་སྐར་ལ་འཚམས་འདྲིའི་ཆེད་རླུང་རྟ་གསར་བཏགས་དང་། ཤིང་སྡོང་གསར་འཛུགས་ཀྱི་ལས་འགུལ་ཞིག་སྤེལ་ཡོད་པ་དང་། ཤིང་སྡོང་གསར་འཛུགས་ཀྱི་ལས་གཞི་དེའི་སྟེང་། ཚོགས་པ་དེའི་ཚོགས་གཙོ་R C Katoch དང་ཚོགས་མི་ཁག ཚེ་མཆོག་གླིང་གྲྭ་ཚང་གི་ཕྱག་མཛོད་ཐུབ་བསྟན་སྙན་གྲགས། གཞན་ཡང་དྷ་སའི་ས་གནས་བུད་མེད་ལྷན་ཚོགས་ཀྱི་རྒྱུན་ལས་བཅས་ཀྱིས་༧གོང་ས་མཆོག་དགུང་གྲངས་༧༧ ལ་ཕེབས་པའི་འཁྲུངས་སྐར་ལ་འཚམས་འདྲིའི་ཆེད་དུ། ཚེ་མཆོག་གླིང་གྲྭ་ཚང་གི་ཉེ་འགྲམ་དུ། རླུང་རྟ་གསར་བཏགས་དང་མེ་ཏོག་དང་ཤིང་སྡོང་གྲངས་༧༧ གསར་དུ་བཙུགས་སོང་།

lions club ཐེངས་འདིའི་ཤིང་སྡོང་གསར་འཛུགས་ཀྱི་ལས་གཞི་དང་འབྲེལ་བའི་སྐོར་ལ་ཚེ་མཆོག་གླིང་གྲྭ་ཚང་གི་ཕྱག་མཛོད་ཐུབ་བསྟན་སྙན་གྲགས་ཀྱིས་ངོ་སྤྲོད་གནང་དོན། “lions club  ཞེས་པའི་ཚོགས་པ་དེའི་ཡན་ལག་འཛམ་གླིང་གི་རྒྱལ་ཁབ་༢༠༠ ལྷག་གི་ནང་ཡོད་པ་རེད། ཚོགས་པ་འདིའི་ལས་དོན་གཙོ་བོ་སྤྱི་ཚོགས་ཞབས་ཞུའི་ལས་ཀ་བྱེད་ཀྱི་ཡོད་རེད། དཔེར་ན། དྷ་སར་ཆ་བཞག་ན། དང་བླངས་ཀྱི་ཐོག་ནས་སྨན་པ་ཚད་ལྡན་དེ་འདྲ་སྐད་བཏང་ནས། དབང་པོ་སྐྱོན་ཅན་གྱི་རིགས་ལ་སྨན་བཅོས་ཀྱི་རོགས་རམ་བྱེད་ཀྱི་ཡོད་རེད་ལ། དེ་བཞིན་གྲོང་གསེབ་ཁག་གི་མི་མང་ཉམས་ཐག་ཚོར་གཟིགས་རྟོགས་ཀྱིས། མི་མང་གི་འཚོ་བའི་མཐུན་རྐྱེན་དང་འཕྲོད་བསྟེན་སོགས་ཀྱི་སྐོར་ལ་རོགས་རམ་བྱེད་ཀྱི་ཡོད་རེད། དེར་བརྟེན། ༧གོང་ས་མཆོག་གིས་ཐུགས་མཉེས་པོ་གནང་གི་རེད་ལ། མཐུན་རྐྱེན་གྱི་ཐོག་ལ་ཡང་འགྲོ་སོང་ཕོན་ཆེན་པོ་གནང་ཡོད་རེད་”ཅེས་དང་།

ཡང་ཁོང་གིས“་ངས་ཁོང་ཚོའི་ཚོགས་མིའི་ནང་ལས་ཀ་བྱས་ནས་ལོ་༦ འགྲོ་སོང་། ལོ་སྔོན་མ་ཡང་ང་ཚོས་སྤྱིར་བཏང་གི་ཤིང་སྡོང་གསར་འཛུགས་ཀྱི་ལས་གཞི་བྱས་པ་ཡིན། ད་ལོའི་ཤིང་སྡོང་གསར་འཛུགས་ཀྱི་ལས་གཞི་འདི་༧གོང་ས་མཆོག་དགུང་གྲངས་༧༧ ལ་ཕེབས་པའི་འཁྲུངས་སྐར་ལ་འཚམས་འདྲིའི་ཆེད་དུ། མེ་ཏོག་དང་ཤིང་སྡོང་སྣ་ཁ་མི་འདྲ་བ་༧༧ གསར་དུ་བཙུགས་ཡོད་རེད། རྩ་བས་ངས་ཁོང་ཚོ་འདིར་སྣེ་ལེན་བྱེད་དགོས་དོན་དེ། རྩ་བས་ང་རང་ཚོགས་པ་དེའི་ཚོགས་མི་རེད། ཡང་ཕྱོགས་གཞན་ཞིག་ནས་ང་ཚོས་རྒྱ་གར་གྱི་ཡུལ་མི་ཚོ་དང་མཉམ་དུ་མཐུན་འབྲེལ་བྱེད་དགོས་པ་གལ་ཆེན་པོ་རེད། རྒྱ་གར་གི་མི་མང་གི་ངོས་ནས་༧གོང་ས་མཆོག་ལ་སེམས་ཐག་ཉེ་པོས་དགའ་བསུ་བྱེད་ཡོང་དུས། ང་རང་ཚོའི་ངོས་ནས་ཀྱང་ཁོང་ཚོ་ལ་རྒྱབ་སྐྱོར་གྱིས་མཉམ་འབྲེལ་བྱེད་དགོས་པ་གལ་ཆེན་པོ་རེད་ཅེས་”བརྗོད་སོང་།

Share this:
༡༡༨ ཀློག་གྲངས།