གོང་ས་མཆོག་གི་གསུང་འཕྲིན།

བོད་རྒྱ་ཆེའི་མི་མང་ས་ཡ་དྲུག་ཙམ་གྱི་རེ་འདོད་དེ་ང་ཚོའི་སེམས་ནང་ཁུར་ནས་ཁོང་ཚོར་ཕྱོགས་གང་ས་ནས་ཞབས་འདེགས་སྒྲུབ་ཨེ་ཐུབ་བལྟ་རྒྱུ་དེ་ང་ཚོའི་ལས་འགན་རེད་ལ་ང་ཚོའི་རེ་བའང་དེ་རེད། ལོ་རྒྱུས་ལྡན་པའི་མི་རིགས་ཤིག་གིས་འཆི་གསོན་གྱི་འཐབ་རྩོད་བྱེད་པའི་ཁ་ཐུག་དེར་ང་ཚོས་མཐའ་གཅིག་ཏུ་འཚེ་བ་མེད་པའི་ལམ་ལ་བརྟེན་དགོས་པའི་གཞི་རྩ་གཙོ་བོ་དེ་ནི་ང་ཚོར་བདེན་པ་ཡོད།ཁྱིམ་ཚང་གཅིག་གི་རྩོད་པ་ཞིག་ཡིན་ནའང་བདེན་པ་ཡོད་ན་སྐད་ཆ་བཤད་ནས་རྩོད་པ་རྒྱབ་ཐུབ་པ་དང་བདེན་པ་མེད་ཚེ་ལག་པ་བརྐྱངས་ནས་འཁྲུག་པ་བརྒྱབ་རྒྱུ་ལས་བྱེད་ཐབས་མེད། བྱས་ཙང་ང་ཚོའི་བོད་ཀྱི་གནས་ཚུལ་དེ་འདྲ་རང་ཆགས་ཡོད། ང་ཚོ་བོད་པར་བདེན་པ་ཡོད་ཙང༌། འཛམ་བུ་གླིང་ཀུན་གྱིས་གཞི་ནས་དོ་སྣང་གསར་པ་ཞིག་དང༌། རྒྱ་མི་རིགས་ནང་ནས་ཀྱང་དོ་སྣང་སླེབ་ཀྱི་ཡོད། རྒྱ་མིའི་ཕྱོགས་ནས་དྲག་གནོན་དང་བཙན་པོ་བྱས་ཏེ་འགྲོ་བསྡད་པ་རེད། ང་ཚོར་སྤོབས་པ་དང་རྒྱུ་མཚན་ལྡན་པའི་ཐོག་ནས་བཤད་རྒྱུ་ཡོད་དུས་མཐའ་གཅིག་ཏུ་འཚེ་བ་མེད་པའི་ལམ་ལ་བརྟེན་ནས་འགྲོ་དང་འགྲོ་མུས་བཞིན། འཚེ་བ་མེད་པའི་ལམ་ལ་བརྟེན་ནས་འཐབ་རྩོད་བྱེད་སྐབས་ཤེས་བྱ་ཡོན་ཏན་དགོས་པ་མ་གཏོགས། ལྷག་བསམ་དང་སེམས་ཤུགས་ཡོད་པ་གཅིག་པུས་བདེན་པའི་འཐབ་རྩོད་བྱེད་དཀའ་བས་ཤེས་བྱ་ཡོན་ཏན་ནི་ཧ་ཅང་གལ་ཆེན་པོ་ཡིན། ང་ཚོ་བཙན་བྱོལ་བ་ཆགས་ནས་ ༥༩ ལོའི་ཟླ་ ༤ པའི་ནང་ལོ་གཅིག་གི་ནང་ཚུད་དུ་མ་སུ་རིའི་སློབ་གྲྭ་དང་པོ་བཙུགས་པ་ཡིན། དགོན་པ་དང་ལྷ་ཁང་བཞེངས་རྒྱུ་གལ་ཆེན་མ་བརྩིས་པར། སློབ་གྲྭ་འཛུགས་རྒྱུ་དེ་གལ་ཆེ་ཤོས་བརྩིས་ཏེ་བཙུགས་པ་ཡིན། དེ་ཡང་ང་རང་ཚོ་གནས་ཚུལ་ཐབས་སྐྱོ་པོ་ཞེ་དྲག་ཆགས་པའི་རྒྱུ་རྐྱེན་གཅིག་ནི་དེང་དུས་ཤེས་ཡོན་གྱིས་ཕོངས་བ་རེད། ང་ཚོའི་བོད་ཀྱི་མི་རབས་གོང་མ་ཚོས་འཛམ་གླིང་ཕྱིའི་གནས་ཚུལ་དང་འགྱུར་འགྲོས་ལ་དོ་སྣང་མ་བྱས་པའི་ཐོག་འགྱུར་བ་དང་བསྟུན་པའི་ཐབས་ཤེས་བྱ་རྒྱུ་བསམ་བློར་མ་འཁོར་བ་དང༌། དོ་སྣང་མ་བྱས་ནས་ང་ཚོར་དཀའ་ངལ་ཞིག་ཕྲད་པ་ཡིན་དུས། དེའི་འགྱོད་པས་གདུང་སྟེ་ང་ཚོ་བཙན་བྱོལ་ལ་བསླེབས་མ་ཐག་ཏུ་དེང་དུས་ཀྱི་ཤེས་ཡོན་སྦྱང་རྒྱུ་དེ་གལ་ཆེར་བཟུང་སྟེ་ཆེད་མངགས་པཎཌིཏ་ནེཧ་རུ་ལ་ཞུས་པ་བཞིན་ཁོང་གིས་ཐུགས་འཁུར་ཆེར་བཞེས་ཀྱིས་བོད་པའི་སློབ་གྲྭའི་ཚོགས་པ་ཟུར་དུ་བཙུགས་པ་དེའི་འོག་ནས་བོད་པའི་སློབ་གྲྭ་ཟུར་དུ་བཙུགས་གནང་བ་རེད།
    ང་ཚོས་ཐོག་མར་འགོ་འཛུགས་སྐབས་གང་འཚམ་བྱུང་བ་རེད། གཞི་རྩ་ཚུགས་པ་དེར་ཡར་རྒྱས་འགྲོ་བར་ང་ཚོས་ཏན་ཏན་ཕྱི་བཤོལ་དང་ལེ་ལོའི་ངང་ནས་འཐུས་ཤོར་མི་ཉུང་བ་ཕྱིན་པ་མཐོང་གིན་འདུག ད་ཆ་གཞོན་སྐྱེས་ཁྱེད་རང་ཚོའི་ངོས་ནས་ང་ཚོའི་མཇིང་པའི་སྒང་ལ་བོད་སྤྱི་དོན་གྱི་འགན་ཁུར་ཆེན་པོ་ཞིག་ཡོད་པ་དེ་སྒྲུབ་ཐབས་སུ་ཤེས་བྱ་ཡོན་ཏན་ཕུན་སུམ་ཚོགས་པའི་ཐོག དེང་དུས་འཛམ་གླིང་གི་རྗེས་ཟིན་ཐུབ་པའི་སྒོ་ནས་ང་ཚོས་བདེན་དོན་རྩོད་ཐུབ་པ། དེ་ཡང་རང་ངོ་ཤེས་པ་ཞིག་དང༌། རང་འགན་ཁུར་བའི་ཐོག་ནས་ཡོང་དགོས་པ་རེད། དེ་འདྲ་ཡིན་དུས་ཁྱེད་རང་ཚོ་ཚོགས་འདུ་འཚོགས་ནས་ལས་འགན་བསྒྲུབ་པར་གང་དང་གང་བྱེད་དགོས་ཀྱི་འདུག དཔེར་ན། ད་ལྟ་ཡོད་དང་ཡོད་བཞིན་པའི་ཤེས་ཡོན་དང་རིག་གཞུང་སོགས་ཀྱི་སྒྲིག་འཛུགས་ཐད་ཡར་རྒྱས་གང་གཏང་དགོས་པ་དང༌། མ་འདང་བའི་ཆ་གང་ཡོད་པ་དེ་དག་ཇི་ལྟར་བསབ་དགོས་པ་སོགས་ལ་ཁྱེད་རང་ཚོས་སེམས་འཁུར་བླངས་ནས་གོ་བསྡུར་བྱས་ཏེ། མང་ཚོགས་ཀྱི་བསམ་བློའི་ནང་ཚོར་བ་སྐྱེན་པོ་དང་གསར་པ་ཞིག་བསླེབ་ཐུབ་པ་དང༌། ཚོར་བ་དེའི་ཐོག་ནས་སེམས་འགུལ་ཡོང་བ་བཟོ་རྒྱུ་དེ་གལ་ཆེན་པོ་ཞེ་དྲག་རེད། གོ་བསྡུར་དང་བསམ་བློ་བཏང་སྟེ་དུས་ནས་དུས་སུ་ཚོགས་འདུ་འཚོགས་པ་ཡག་པོ་ཞེ་དྲག་བྱུང་འདུག བསམ་བློའི་ནང་ཚོར་བ་གསར་པ་བསླེབ་རྒྱུ་ཞིག་དང་དྲན་གསོ་ཐེབས་ཀྱི་ཡོད་ཙང་གནད་འགག་ཆེན་པོ་ཞེ་དྲག་རེད། ལྷག་པར་དུ་གཞོན་སྐྱེས་ཁྱེད་ཚོའི་ངོས་ནས་རང་ཁུར་གྱིས་འགུལ་བ་དེ་ཧ་ཅང་ཡག་པོ་བྱུང་འདུག གསུང་འཕྲིན་འདི་ཝཱཎ་གསར་འགོད་པ་བཅོ་ལྔ་ཚེ་རིང་གིས་བཏང༌།

Share this:
༩༣ ཀློག་གྲངས།