བདེན་པའི་མེ་ལྕེ་མེ་སོར་གྲོང་ཁྱེར་དུ་འབྱོར་བ།

ཀོ་ལི་གྷལ་ས་གནས་གཞིས་ལས་ཁང་ནས་གནས་ཚུལ་བཏང་འབྱོར་བྱུང་བ་ལྟར་ན། རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བདེན་པའི་མེ་ལྕེ་དེ་ཟླ་༨ ཚེས་༣ ཉིན་ཀོ་ལི་གྷལ་གཞིས་ཆགས་སུ་འབྱོར་བ་དང་། དེ་ཉིན་ཁུལ་དེའི་ཉེ་འཁྲིས་ཨོ་ཌི་ཡ་པ་ལར་(Odayapala)  སྐོར་བསྐྱོད་དང་། ཕྱི་ཚེས་ ༤ ནས་ཕྱི་ཚེས་༧ བར་ས་གནས་སུ་སྐོར་བསྐྱོད་བྱས་ནས་ཕྱི་ཚེས་༨ ཉིན་མེ་སོར་དུ་རྩིས་སྤྲོད་བྱས་ཡོད་པ་རེད།

2012_8_9koligal1དེ་ཡང་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བདེན་པའི་མེ་ལྕེ་དེ་ཟླ་༨ ཚེས་༣ ཉིན་ཧུན་སུར་ནས་ཀོ་ལི་གྷལ་གཞིས་ཆགས་སུ་འབྱོར་བ་དང་། ཉིན་དེའི་ལས་རིམ་གྱི་ཐོག་མར་གཞིས་སྤྱི་༧རྒྱལ་བའི་ཕོ་བྲང་ནས་བདེན་པའི་མེ་ལྕེ་སྐོར་བསྐྱོད་འགོ་འཛུགས་ཀྱིས་རིམ་བཞིན་གཞིས་ཆགས་རྟེན་ཁང་དང་། རྫོགས་ཆེན་དགོན་པ། དར་རྒྱས་དགོན་པ། ཟེ་ཕུགས་དགོན། སྟག་ཤམ་དགོན། རྒས་གསོ་ཁང་། བཀའ་བརྒྱུད་དགོན། ས་གནས་འཕྲོད་བསྟེན་སྨན་ཁང་བཅས་སུ་སྐོར་བསྐྱོད་བྱས་པ་དང་། སྐབས་དེར་ས་གནས་འཐུས་ཚོགས་ཀྱི་འཐུས་མི་དང་། རང་བདེན་ཚོགས་ཆུང་གི་ཚོགས་མི། མཉམ་འབྲེལ་འགན་འཛིན་ལྷན་ཚོགས་ཀྱི་འཐུས་མི། ས་གནས་གཞོན་ནུ་དང་བུད་མེད་གཉིས་ཀྱི་རྒྱུན་ལས་བཅས་ནས་རིམ་བཞིན་གྲོང་སྡེ་ K བར་སྐོར་བསྐྱོད་དང་། དེ་ནས་རིམ་བཞིན་ཕྱི་ཚེས་ ༥ དང་། ༦ སོ་སོར་གཞིས་ཆགས་ཀྱི་གྲོང་སྡེ་ཉི་ཤུ་རྩ་གཉིས་ཆ་ཚང་ནང་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱིས་གཞིས་གྲོང་སོ་སོའི་སྤྱི་ཁང་ནང་མང་ཚོགས་འདུ་འཛོམས་ཐོག་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་སྐོར་དྲིལ་བསྒྲགས་གནང་ཡོད་འདུག

2012_8_9koligal2ཟླ་༨ ཚེས་༧ ཉིན་ས་གནས་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་གཙོས་ཡུལ་མིའི་ཚོགས་མི་རྣམས་དང་། ས་གནས་འགོ་འཛིན་ཕུན་ཚོགས་ཚེ་རིང་ལགས་བཅས་ཀྱིས་སྣེ་འཁྲིད་འོག་ས་གནས་འཐུས་ཚོགས་ཀྱི་ཚོགས་གཞོན་དང་། རང་བདེན་ཚོགས་ཆུང་གི་ཚོགས་གཙོ། མཉམ་འབྲེལ་གྱི་ཚོགས་གཙོ་དང་དྲུང་ཆེ་སོགས་ས་གནས་ཀྱི་ལས་བྱེད་རྣམ་པ་དང་། ས་གནས་གཞོན་ལྷན་དང་བུད་མེད་ལྷན་ཚོགས་གཉིས་ཀྱི་ཚོགས་གཙོ། གྲོང་སྡེ་རེ་ནས་གཞིས་མི་གཉིས་རེ་བཅས་ཁྱོན་མི་གྲངས་༧༠ ཙམ་Chamraj Nagar རྫོང་གི་རྒྱལ་སར་བསྐྱོད་དེ་བདེན་པའི་མེ་ལྕེ་སྐོར་བསྐྱོད་དང་། རྫོང་དཔོན་ལས་ཁུངས་མདུན་ཐང་དུ་འདུ་འཛོམས་ཀྱིས་ས་གནས་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་Racha Chariya ལགས་ནས་ཡུལ་སྐད་ཐོག་བོད་དོན་གསུང་བཤད་གནང་བ་དང་། དེ་རྗེས་ས་གནས་འགོ་འཛིན་ཕུན་ཚོགས་ཚེ་རིང་ལགས་ནས་བོད་ཀྱི་ཛ་དྲག་གནས་སྟངས་དང་བདེན་པའི་མེ་ལྕེའི་ལས་འགུལ་སྐོར་གཏམ་བཤད་གནང་། གསུང་བཤད་ཀྱི་ལས་རིམ་གྲུབ་མཚམས་Chamraj Nagar རྫོང་དཔོན་ལས་ཁུངས་ཀྱི་རྫོང་དཔོན་གཞོན་པ་མཆོག་ངོ་བཅར་གྱིས་བོད་དོན་ཞུ་སྙན་འབུལ་ལམ་ཞུས་པ་དང་། ཁོང་གི་བོད་དོན་བདེན་པའི་འཐབ་རྩོད་ལ་གདུང་སེམས་མཉམ་བསྐྱེད་ཡོད་སྐོར་འགྲེལ་བརྗོད་ཀྱང་གནང་ཡོད་པ་རེད་འདུག

ཟླ་༨ ཚེས་༨ ཉིན་བཀའ་ཤག་བཀོད་ཁྱབ་ལྟར་རྒྱལ་སྤྱི་ཁྱོན་ཡོངས་སུ་བོད་དོན་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་ཉིན་མོ་དང་སྟབས་བསྟུན་གཞིས་ཆགས་ཀྱི་༧རྒྱལ་བའི་ཕོ་བྲང་ཆགས་ཡུལ་ལྷ་རྒྱལ་རིར་ས་གནས་འགོ་མང་ཚང་མ་ལྷན་འཛོམས་ཀྱིས་ལྷ་གསོལ་དང་། དཔལ་ལྡན་བཀའ་བློན་ཁྲི་པ་མཆོག་མཛད་འཁུར་བཞེས་ནས་ལོ་གཅིག་འཁོར་བ་དང་བདེན་པའི་མེ་ལྕེར་ཕེབས་སྐྱེལ་གྱི་མཛད་སྒོ་ཆབས་གཅིག་ཏུ་གོ་སྒྲིག་ཞུས་ཏེ། མཛད་སྒོ་གྲུབ་བསྟུན་བདེན་པའི་མེ་ལྕེ་གཞིས་ཆགས་ནས་ཕེབས་བསྐྱེལ་དང་སྦྲགས། ཉིན་གུང་ཆུ་ཚོད་ ༡༢།༣༠ ཐོག་མེ་སོར་གྲོང་ཁྱེར་དུ་འབྱོར་བ་དང་ཁུལ་དེར་ས་གནས་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་རྒྱུན་ལས་རྣམས་ལ་བདེན་པའི་མེ་ལྕེ་རྩིས་སྤྲོད་ཞུས་ཡོད་པ་དང་། སྐབས་དེར་ས་གནས་གཞོན་ནུའི་རྒྱུན་ལས་དང་། བོད་རིགས་སློབ་ཕྲུག བོད་མི་ཚོང་པ་བཅས་ནས་ལྷན་ཞུགས་བྱས་ཡོད་པ་རེད།

མེ་སོར་གྲོང་ཁྱེར་ནང་ས་གནས་གཞོན་ནུ་ལྷན་ཚོགས་ཀྱི་སྣེ་འཁྲིད་འོག་ཁུལ་དེའི་ནང་སློབ་སྦྱོང་བྱེད་བཞིན་པའི་སློབ་ཕྲུག་དང་བོད་མི་ཚོང་པ་ཚོས་བདེན་པའི་མེ་ལྕེ་ཟླ་༨ ཚེས་༩ ནས་༡༡ བར་ཉིན་གསུམ་སྐོར་བསྐྱོད་དང་བོད་དོན་ཞུ་སྙན་ཞུའི་སྟེང་མཚན་རྟགས་བསྡུ་འགོད་ཀྱི་ལས་འགུལ་སྤེལ་རྒྱུ་ཡིན་པ་རེད་འདུག།

Share this:
༩༤ ཀློག་གྲངས།