མེ་མཆོད་པ་ཞིག་གི་སྐད།

མེ་མཆོད་པ་ཞིག་གི་སྐད

                                            __ སྒྲོལ་དཀར་མཚོ་ལ་མྱ་ངན་ཞུ__

མཛའ་དུང་གིས་སྦྲེལ་བའི་གཉེན་བཤེས་སོགས

ཁྱེད་ཚོས་ང་ལ་མྱ་ངན་མ་བྱེད་དང

ང་ཡི་ལུས་སྟེང་ན་འབར་བའི་དམར་ལམ་མེར་གྱི་ཁ་མདོག་འདི་ནི

བདེན་སྣང་གི་འོད་གསལ་ཡིན་ཞིང

འོད་གསལ་དེས   མུན་ཁུད་ན་བདོག་པའི་མེལ་ཚེ་བ་དག་གི

གཡོ་འཕྲུལ་སྲེག་བཞིན་ཡོད་ཅིང

ངེད་ཚང་ལ་དབང་བའི་ཁྱིམ་གཞིས་དེའང

འོད་མདངས་ཀྱིས་ག་ལེར་གསལ་ནས་འོང

 

བྱམས་དུང་དུང་གི་གཅེས་ཕྲུག་དག

ཁྱེད་ཚོས་ཨ་མ་ལ་འཁང་ར་མ་བྱེད་རོགས

ང་ལ་ངེད་ཚང་གི་བརྩེ་མདངས་འཁོལ་བའི་ཁྱིམ་གཞིས་མི་མཁོ་བ་མིན་ལ

དེ་ལས་ཀྱང    ཡིད་འོང་གི་འཛུམ་རིས་འཕྱུར་བའི་ཁྱེད་ཅག་མི་འདོད་པ་ག་ལ་ཡིན

ངས་རང་གི་རྩ་ཆེན་གྱི་ལུས་ལ་མེ་བསྒོས་དོན་ནི

ངེད་ཚང་གི་འཚོ་གནས་ཀྱི་ཁ་མདོག་ལ

འདི་ལས་ལྷག་པའི་དཔེར་གཟུགས་འཚམ་པ་ཞིག་མ་རྙེད་པས་ཡིན

བདག་གིས་གདམས་ཀ་འདིའི་བརྒྱུད་ནས་ཁ་ཆེམས་ཀྱང་བཞག་ཡོད

 

རིགས་མཐུན་གྱི་སྤུན་གྲོགས་ཚོ

ཞེ་མཐུན་གྱི་ལག་རྡང་སྦྲེལ་ནས་མུ་མཐུད་དེ་བཞུད་དང

གཅིག་སྒྲིལ་གྱི་སྟོབས་ཤེད་ཀྱིས

ང་ཚོས་བྲིས་པའི་ཁྲག་ཐིགས་ཀྱི་ལོ་རྒྱུས་ནི

ནམ་ཡང་བདེན་པ་ཡིན་པ་ར་སྤྲོད་དགོས་ལ

བདེན་པ་མཚོན་བྱེད་ཀྱི་རྣམ་འགྱུར་དེ་དག་ཀྱང

ནམ་ཡང    སྙིང་རྗེ་ཡིན་པ་བསྟན་དགོས

ནམ་ཞིག་ང་ཚོས་ཀྱང་རི་བོ་པོ་ཏ་ལའི་མདུན་ཐང་ནས

རང་ལ་དབང་བའི་རྒྱལ་ཁབ་ཅིག་གི་དར་ཆ་བསྒྲེང་ཆོག

                                   2012/810

 

Share this:
༡༣༢ ཀློག་གྲངས།