དགེ་འདུན་པ་ཡང་དག་པ་རྣམས་ལ་སྐྱབས་སུ་མཆིའོ།

མཚན་ཉིད་ཚང་མིན་ནི་གནད་དོན་ཞིག་ཡིན་མོད། ནང་པ་ཞིག་ཡིན་ན་རབ་བྱུང་གི་ཆོས་གོས་མནབ་མཁན་ཞིག་ཡིན་ཕྱིན་དགེ་འདུན་དངོས་ཀྱི་འདུ་ཤེས་འཇོག་ལ། མཐའ་ན་གོས་དམར་སེར་གྱོན་མཁན་ཞིག་ཡིན་ཡང་དགེ་འདུན་དུ་བཀུར་བར་བྱེད། འདི་ནི་མཆོག་གསུམ་སྐྱབས་སུ་བཟུང་བའི་སྤང་བླང་གི་བསླབ་བྱ་ཞིག་ཀྱང་རེད། དེ་བཞིན་དགེ་འདུན་གྱི་སྡེ་ཡང་སྔོན་བཅོན་ལྡན་འདས་བཞུགས་སྐབས༌། གསུང་རབ་དང་ཆོས་འབྱུང་དག་ཏུ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ཞིང༌། ཟས་སློང་མོ་ལ་བརྟེན་པ་དང༌། གོས་ཕྱག་རྡུལ་ཁྲོད་ནས་ལེན། གནས་ཤིང་དྲུང་དུ་བྱས་ནས་སྐུ་ཚེ་ཧྲིལ་བོར་བསླབ་པ་སློབ་གཉེར་ཁོ་ན་བྱས་ནས་བཞུགས།  དགྲ་བཅོམ་པ་དང་མྱང་འདས་ཀྱི་སར་གཤགས་པར་བྱེད། འོན་ཀྱང་རྒྱལ་རབས་དང་ལོ་རྒྱུས་ནི་དེ་འདྲའི་དཀར་པོ་དཀར་རྐྱང་ཞིག་ག་ལ་ཡིན། ང་ཚོ་བོད་ཀྱི་ལོ་རྒྱུས་སུ་དགེ་འདུན་རྣམས་དབང་བཙན་པ་དང་ཤུགས་ཆེ་བའི་དངོས་སྒྲུང་ཡོད། དགེ་འདུན་པ་ནང་འཁྲུག་བྱུང་ཡོད་ལ། དགེ་འདུན་པས་སྡེ་བ་དང་གཞུང་ལ་ཡང་འཛིང་ཡོད། དགེ་འདུན་པར་གྲི་ཡོད་ལ་དགེ་འདུན་པར་དཔའ་ཡོད། དགོན་པ་ལ་གོ་མཛོད་ཡོད། དགེ་འདུན་འཁྲུག་སོང་ན་མཁན་པོ་ཡིན་ཡང་ཐིག་ནག་ནང་ནས་གསོད། དགོན་པ་དང་དགོན་པ་འཁྲུག་ལ་ཆོས་རྒྱུད་དང་ཆོས་རྒྱུད་འཁྲུག འོན་ཀྱང་དགེ་འདུན་པས་ཇག་བརྒྱབ་པའི་ལོ་རྒྱུས་ངས་མཐོང་མྱོང་མེད། དགེ་འདུན་ཐམས་ཅན་རྫུན་མ་མིན་ཡང་རྒྱ་ནག་དང་ཕྱི་རྒྱལ་ནང་དེང་སྐབས་ཧ་ཅང་མང་པོ་རེད། དེང་སྐབས་དགེ་འདུན་པ་ཁྲམས་པ་དང་བླ་སྤྲུལ་རྫུན་མ། སྒོར་མོའི་དགེ་འདུན་པ་དང་དགེ་བཤེས། ཕྱི་རྒྱལ་དུ་འགྲོ་ཆེད་དགེ་འདུན་པའི་ན་བཟའ་བེད་སྤྱོད་བྱེད་མཁན་ཡང་དགེ་འདུན་པའི་ནང་དུ་འཚང༌། ངས་དགེ་འདུན་པ་ནི་གྲྭ་པ་ཚོར་ཞུ་བཞིན་ཡོད། མཁན་པོ་དང་བླ་མ། དགེ་བཤེས་ཡང་དགེ་འདུན་པ་རེད། མི་མང་མགོ་འཐོམ་ནས་ཡོད། མི་མང་གིས་ངོ་མ་དང་ཁྲམ་པ། དག་མ་དང་རྫུན་མ་གང་ཡིན་མི་ཤེས། གྲྭ་གོས་གྱོན་ནས་བུད་མེད་ཁྲིད། གྲྭ་གོས་གྱོན་ནས་ཆང་འཐུང༌། ཐ་མ་འཐེན། འདི་ཚོ་ལ་ཡང་དགེ་འདུན་པ་དང་གྲྭ་པ་ཟེར་བ་ནི་མི་མང་གིས་མ་ཤེས་པ་རེད། ཡིན་ཡང་ཚང་མའི་ཁ་དང་མིག་ལ་འཇགས་ཚར་བས་དེ་ལྟར་རེད། སྣ་ཐ་འཐེན་པ་དང་ཁ་ནེ་ཟབ་ནི་སྤྱིར་བཏང་ཞིག་རེད། ངས་དགེ་འདུན་པར་སྨད་པ་བྱེད་ཀྱི་མེད། ངས་དགེ་འདུན་པ་དང་གྲྭ་རྫུན་དབྱེ་བ་འབྱེད་ཀྱི་ཡོད། ངས་གྲྭ་རྫུན་ཚོར་མ་དགའ་བ་ཡང་བྱེད་ཀྱི་མེད། ངས་དགེ་འདུན་པ་ངོ་མ་ཚོར་དད་པ་བྱེད་ཀྱི་ཡོད། མི་རྣམས་ཀྱིས་གྲྭ་ཆས་ཅན་གྱི་སྤྱོད་པ་ཐ་ཤལ་བ་རེ་མཐོང་ཚེ་དགེ་འདུན་པ་དང་གྲྭ་པ་ཚོར་ཟེར་བ་ནི་ནོར་བ་རེད། འོན་ཀྱང་ཁག་མེད་པ་ཞིག་ལ་དེ་ལྟ་བུ་མང་ཙམ་ཡོད། གང་ལྟར་དེང་སང་དགེ་འདུན་པ་རྫུན་མ་མང་དྲག་པ་རེད། འདུ་འཛུ་ཆེ་དྲག་པ་རེད། ལྷག་པར་དགེ་འདུན་པར་དེ་ལྟར་རེད། དཔལ་ན་ལེནྜའི་མཚན་སྙན་ནི་དགོན་པ་ཆེ་དྲག་པ་དང་རྫིག་དྲག་པ། དགེ་འདུན་པ་མང་དྲག་པ་དང༌། དབང་ཆེ་དྲག་པ། དགེ་འདུན་པ་ཡར་མར་ཕེབ་རྒྱུ་མང་དྲག་པས་ཡིན་པའི་ཆོས་འབྱུང་དང་ལོ་རྒྱུ་མི་འདུག དཔལ་ན་ལེནྜའི་མཚན་སྙན་ནི་དགེ་འདུན་སློབ་གཉེར་དང་ཤེས་ཡོན། མདོར་ན་མཁས་བཙུན་བཟང་གསུམ་ཁོ་ན་ཡིན་པ་རེད། ང་ཚོ་དཔལ་ན་ལེནྜའི་ཆོས་རྒྱུད་པ་ཡིན་ན་མ་མཐའ་ཡང་དེའི་ལམ་དུ་བསྐྱོད་དགོས་རྒྱུ་རེད། བླ་མ་དག་མ་རྣམས་ལ་སྐྱབས་སུ་མཆིའོ། དགེ་འདུན་པ་ཡང་དག་པ་རྣམས་ལ་སྐྱབས་སུ་མཆིའོ། ༢༠༠༩། ༢། ༡༥།

Share this:
༢༦༩ ཀློག་གྲངས།