སྐབས་གསུམ་པའི་བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན།

ཉིན་དེར་ཞོགས་པ་ཆུ་ཚོད་༨།༣༠ ཐོག་སྐུ་མགྲོན་གཙོ་བོ་མཆོག་གིས་ྋགོང་ས་མཆོག་གི་མི་འཇིགས་གསེར་ཁྲི་རིན་པོ་ཆེ་ལ་དྭངས་གཙང་གི་ཁ་བཏགས་སྒྲོན་པ་དང༌། ཚོགས་འདུའི་ཁྲི་པ་ཉེ་བའི་རིགས་བདག་མཆོག་གིས་སྣང་གསལ་སྒྲོན་མེ་ཞལ་འབྱེད་གནང་བ་དང༌། དེ་ནས་སློབ་ཕྲུག་ཟློས་གར་ཚོགས་པའི་སྣེ་འཁྲིད་འོག་ཚོགས་ཞུགས་པ་ཡོངས་ནས་སྐུ་བཞེངས་ཐོག་བོད་རྒྱལ་ཁབ་ཆེན་མོའི་རྒྱལ་གླུ་དང་རྒྱ་གར་རྒྱལ་གླུ་གཉིས་མགྲེན་དབྱངས་གཟེངས་སུ་བཏེགས་ཏེ་གྱེར་འདོན་གནང་ཟིན་འཕྲལ་སྔར་ལོ་བོད་ནང་ཛ་དྲག་གི་དོན་རྐྱེན་འོག་འདས་གྲོངས་སུ་ཕྱིན་པའི་བོད་རིགས་དཔའ་བོ་དཔའ་མོ་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཀྱིས་མྱ་ངན་མཚོན་བྱེད་དུས་ཡུན་སྐར་མ་གཅིག་གི་རིང་ངག་བཅད་གནང༌།སྐབས་དེར་གཙུག་ལག་སློབ་གཉེར་ཁང་འདིའི་སློབ་ཕྲུག་ཁག་གཅིག་གིས་བོད་སྐད་དང་ལེགས་སྦྱར་སྐད་གཉིས་ཀྱི་ཐོག་ནས་ཚོགས་ཆེན་ལེགས་གྲུབ་ཡོང་སླད་མཆོག་གསུམ་ལ་ཤིས་བརྗོད་ཕུལ་ཟིན་རྗེས་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་སྐབས་གསུམ་པའི་བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་ལ་ཆེད་དུ་བསྩལ་བའི་བཀའ་སློབ་ཀྱི་འཁོར་ཐག་གཟུགས་མཐོང་བརྙན་འཕྲིན་ཐོག་གཟིགས་འབུལ་ཞུས་པའི་བཀའ་སློབ་སྙིང་དོན་ནི། གཞིས་བཞུགས་བོད་མི་རྣམས་ཀྱིས་མིག་འབུར་ང་ཚོར་གཏོད་ཡོད་པས་ང་ཚོའི་ཕྱོགས་ནས་ནམ་ཡང་འཐུས་ཤོར་མེད་པ་བྱ་དགོས། ང་ཚོའི་ཐབས་ལམ་ནི་འཚེ་བ་མེད་པ་ཡིན། ཅི་ཡིན་ཞེ་ན། ང་ཚོར་བདེན་པ་ཡོད་པ་དང་ང་ཚོའི་གནད་དོན་ལ་རྒྱལ་སྤྱིའི་དོ་སྣང་ཧ་ཅང་ཆེ། འཚེ་བ་མེད་པའིལམ་ལ་བརྟེན་ནས་འཐབ་རྩོད་བྱེད་པར་ཤེས་ཡོན་གྱི་བརྒྱུད་ལམ་ངེས་པར་དུ་བསྟེན་དགོས། ང་ཚོས་ཤེས་ཡོན་གྱི་རྨང་གཞི་བཙུགས་ཟིན་མོད། དེ་ཡར་རྒྱས་ལ་འཐུས་ཤོར་ཕྱིན་མེད་ན་སྙམ། ལྷག་པར་དུ་ང་ཚོ་ནི་དེང་དུས་ཀྱི་ཤེས་ཡོན་གྱི་ཕོངས་པའི་མི་རིགས་ཞིག་ཡིན་ཙང་ཕྱིས་བཤོལ་དང་ལེ་ལོའི་སྒང་ནས་འཐུས་ཤོར་གྱི་དབང་དུ་མི་འགྲོ་བར་དེང་དུས་ཤེས་ཡོན་འབད་བརྩོན་གྱིས་དུས་རབས་ཀྱི་རྗེས་ཟིན་པ་ཞིག་བྱ་དགོས་ཚུལ་སོགས་བཀའ་སློབ་གསུང་གི་བདུད་རྩི་ཕེབས་ཡོད་པ་རེད། རིམ་བཞིན་སྐུ་མགྲོན་གཙོ་བོ་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་གཙུག་ལག་སློབ་ཁང་འདིའི་ཉེ་བའི་རིགས་བདག་མཆོག་དང་རྒྱ་གར་མཁས་དབང་རམ་ཤ་ཀམ་ཏྲི་པཱ་ཏི་གཉིས་ལ་རྒྱ་གར་རྒྱལ་ཡོངས་ཀྱི་མི་སེར་ཆེས་མཐོའི་གཟེངས་རྟགས་གནས་རིམ་བཞི་པ་པདྨའི་དཔལ་ཐོབ་པར་འཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་ཀྱིས་མཇལ་དར་གཡོག་པ་དང༌། དེ་ནས་མཐོ་རིམ་སློབ་མ་ཡོངས་ཀྱི་སྐུ་ཚབ་དང་སྤྱི་ཁྱབ་འབྲེལ་མཐུད་པ་མཆོག་ནས་ལག་གཉིས་སོར་མོའི་འདབ་མ་སྙིང་ཁར་སྦྱར་ནས་འཚམས་འདྲི་མཚོན་བྱེད་དུ་མེ་ཏོག་དང་ཤིས་ཚིག་ཕུལ་སོང༌། སྐུ་མགྲོན་གཙོ་བོ་མཆོག་གིས་གསུང་དོན། ཐོག་མར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་རང་སྒེར་གྱིས་ངོས་ནས་འཚམས་འདྲི་ཞུ་རྒྱུ་ཡིན། གོང་དུ་ཚོགས་ཞུགས་ལྷན་རྒྱས་ནས་ྋགོང་ས་མཆོག་གི་བཀའ་སློབ་བརྙན་ཕབ་འཁོར་ཐག་ལ་དོ་སྣང་ཆེན་པོ་ངང་ནས་གསན་གནང་མཛད་སོང༌། ངས་ཆེད་དུ་ཞུ་རྒྱུར་བཀའ་སློབ་གསན་པ་ཙམ་མིན་པར་ལག་བསྟར་དང་ཉམས་ལེན་བྱ་རྒྱུ་གལ་ཆེན་པོ་རེད། དེ་རིང་ང་འདིར་སླེབས་ནས་རང་ཉིད་མི་ཚེའི་མྱོང་ཚོར་སྐོར་ཕྲན་ཙམ་ཞུ་རྒྱུ་ཡིན། དེ་ཡང་རང་ཉིད་ཀྱི་མི་ཚེའི་ནང་བག་ཆགས་ཟབ་མོ་བྱུང་བའི་གནད་དོན་གཉིས་ཀྱི་སྒོ་ནས་ཞུ་རྒྱུ་ཡིན། དང་པོ་ནི། ང་སྔོན་མ་བྱིས་པའི་སྐབས་འདིར་གནས་མཇལ་དུ་ཡོང་དུས་ཆུ་མོ་གངྒའི་གྲུ་པ་ཞིག་གིས་རྒྱ་གར་གྱི་སྲིད་བློན་འདས་པོ་ལཱ་ལ་བྷ་རྡུར་ཤ་སྟྲི་མཆོག་གི་ཆུང་དུས་ཀྱི་ལོ་རྒྱུས་ཐུང་ངུ་ཞིག་བཤད་སོང་བས་དེས་ང་ལ་བག་ཆགས་ཟབ་མོ་བཞག་སོང༌། ལོ་རྒྱུས་དེར་ང་ཚོས་མིག་དཔེ་བལྟས་ནས་ང་ཚོ་ནི་རྒྱལ་ཁབ་མེད་པའི་མི་རིགས་ཤིག་ཡིན་པས་རང་དབང་ཡོད་པའི་རྒྱལ་ཁབ་དང་མི་རིགས་ལས་ལྷག་པ་ཞིག་བྱེད་དགོས། གཉིས་པ་ནི། ྋགོང་ས་མཆོག་གིས་ཟམ་གདོང་རིན་པོ་ཆེ་ལ་བཀའ་སློབ་གནང་བ་ཞིག་རེད། དེ་ཡང་ྋགོང་ས་མཆོག་གིས་ཁྱོད་རང་ཚོ་དཀའ་ངལ་ཕྲན་ཙམ་ཞིག་འཕྲད་ནས་དགོངས་པ་ཞུས་ན་ང་སུ་ལ་དགོངས་པ་ཞུ་དགོས་སམ་ཞེས་བཀའ་སློབ་ཕེབས་པ་དེ་རེད། དེ་ན་ང་ཚོས་དཀའ་ངལ་ལ་གདུང་ལེན་བྱེད་དགོས་པ་ལས་ལས་འགན་ལ་གཡོལ་མི་རུང༌། དེ་བཞིན་ང་ཚོའི་རང་ཡུལ་ཤོར་བ་ཡང་ཁེར་རྐྱང་ལ་དགའ་བའི་འདུ་ཤེས་ཀྱི་ལན་པས་སློབ་ཕྲུག་རྣམས་ཀྱིས་མཐོ་སློབ་ཁག་ཏུ་རྒྱལ་ཁབ་དང་མི་རིགས་གཞན་ལ་འབྲེལ་ལམ་ངེས་པར་དུ་བྱ་དགོས་རྒྱུ་ཧ་ཅང་གལ་ཆེན་རེད་ཅེས་སེམས་ཚོར་དང་སྦྲགས་ནས་གསུང་སོང༌། ཡང་ཚོགས་འདུའི་ཁྲི་པ་མཆོག་ནས་གསུང་གསལ། ཚོགས་ཆེན་འདི་བརྒྱུད་ནས་སློབ་མ་རང་རང་གི་བརྒྱུད་ལ་སེམས་ཚོར་གསར་པ་ཞིག་སྐྱེ་དགོས་པ་དང་ད་ལྟའི་བོད་ཀྱི་གནས་སྟངས་ཚོར་བའི་ཐོག་ནས་འདས་ཟིན་པའི་ལོ་རྒྱུས་ལ་ཞིབ་དྲན་བྱས་ཏེ་འབྱུང་འགྱུར་གྱི་གནས་བབས་ལ་འཆར་གཞི་གཏིང་ཟབ་བྱ་དགོས། ལྷག་པར་དུ་སློབ་མའི་གནས་སྐབས་སུ་མི་རིགས་གཞན་ལས་ལྡབ་གསུམ་གྱིས་སློབ་སྦྱོང་ལ་འབད་བརྩོན་ངེས་པར་དུ་བྱ་དགོས་ལ་རྒྱ་ནག་མི་མང་གི་མདུན་དུ་བོད་ཀྱི་གནད་དོན་འདི་མི་སྒེར་གཅིག་ལ་ཐུག་མེད་པ་བོད་མི་སྤྱི་ཡོངས་ལ་ཐུག་ཡོད་པའི་སྣང་བརྙན་གསོན་པོ་ཞིག་བསྐྲུན་ཐུབ་པ་བཟོ་དགོས་ཞེས་གསུངས༌།
བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་འདི་འཚོགས་དགོས་པའི་དམིགས་ཡུལ་གཙོ་བོ་དང་སོ་སོའི་འོས་འགན་གང་ཡིན་མིན་གྱི་སྐོར་ལ་སྤྱི་ཁྱབ་འབྲེལ་མཐུད་པ་མཆོག་ནས་གསུང་དོན། ཚོགས་ཆེན་འདི་བཞིན་ཐོག་མར་འབྱུང་ཁུངས་ནི་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་མཐོ་རིམ་སློབ་མའི་ཟབ་སྦྱོང་སྐབས་ནས་གླེང་སློང་དང༌། དེ་ནས་རིམ་བཞིན་ཚོགས་ཆེན་དང་པོ་དེ་བཞིན་བྷེང་ལོར་དང་གཉིས་པ་དེ་སཱ་རར་ཚོགས་ཐུབ་པ་བྱུང༌། སྐབས་བབ་ཚོགས་ཆེན་འདི་ཝཱཎ་གཙུག་ལག་སློབ་གཉེར་ཁང་དུ་ཚོགས་བཞིན་པ་འདི་རེད། འདིའི་དགོས་པ་ནི་ང་ཚོ་ནམ་རྒྱུན་ཁ་འཐོར་དུ་གནས་པའི་མཐོ་རིམ་སློབ་མ་ཀུན་ལྷན་དུ་འཛོམས་ནས་ངོ་སྤྲོད་ཀྱི་གླེང་སྟེགས་དང་བོད་ཆས་གྱོན་པ་ཙམ་མ་ཡིན་པར་མ་ཤི་བར་བོད་པའི་འདུ་ཤེས་དང་བསམ་བློའི་འཁྱེར་ཕྱོགས་སོགས་བོད་པ་གཙང་མ་ཞིག་བསྐྲུན་ཐུབ་པ་བྱ་རྒྱུ་དེ་རེད། ང་ཚོ་ཚང་མ་རང་ཡུལ་ལ་ལོག་འདོད་པ་ལས་མི་ཡུལ་དུ་འཚོ་འདོད་མེད་པའི་རང་ཡུལ་ལ་ལོག་ཐབས་བྱ་རྒྱུའི་འཐབ་རྩོད་ྋགོང་ས་མཆོག་གཅིག་པུར་མ་ཡིན་པར་ང་ཚོ་ཡོད་ཚད་ཀྱིས་ཕྲག་སྟེང་དུ་བླངས་ནས་རང་ངོ་རང་ཤེས་དང་རང་འགན་རང་འཁུར་བྱ་རྒྱུ་དགོས་གལ་ཧ་ཅང་ཆེ་བར་བརྟེན་ད་རེས་ཚོགས་ཆེན་འདི་ཚོགས་པ་རེད་ཅེས་གསུངས།
ཐོག་མ་ཚོགས་ཆེན་འདིའི་ཐོག་ྋརྒྱལ་བ་ཀརྨ་པ་མཆོག་དང་ཨ་མ་རྗེ་བཙུན་པདྨ། རྒྱ་རི་སྒྲོལ་མ། མཁྱེན་ལྡན་མ་ཨ་ཞ་རེ་སྒྲེ་མཆོག་བཅས་ལ་མགྲོན་བརྡ་ཕུལ་ཡོད་རུང་དངོས་སུ་རྒྱ་རི་སྒྲོལ་མ་མ་གཏོགས་ཕེབས་ཐུབ་མེད་པ་རེད། སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་མཆོག་ནས་བོད་དང་རྒྱལ་སྤྱི་ཞེས་པའི་བརྗོད་གཞི་ཐོག་གསུང་བཤད་གནང་ཡོད་པ་རེད་ལ་དགོང་མོར་ཆུ་ཚོད་ ༧།༣༠ ཐོག་སློབ་ཕྲུག་བདེ་དོན་ལྷན་ཚོགས་ཀྱིས་གོ་སྒྲིག་ཞུས་པ་བཞིན་བོད་པའི་བུད་མེད་ཀྱི་ལས་འགན་སྐོར་ལ་བཀའ་སློབ་དང་ཕན་ཚུན་དྲི་བ་དྲི་ལན་གཟབ་རྒྱས་ཞིག་གནང་བ་དང༌། སྔོན་དང་མི་འདྲ་བར་མཐོ་སློབ་ཀྱི་བུ་མོ་རྣམས་སེམས་ཤུགས་འཕེལ་ནས་འཛེམ་ཟོན་མེད་པར་བུད་མེད་ཀྱི་གནས་བབས་སྐོར་ལ་དོགས་གཅོད་ཚོར་བ་རྣོ་པོ་ངང་ནས་ཕན་ཚུན་བསམ་ཚུལ་བརྗེ་ལེན་བྱས་ཡོད་པ་རེད། ད་རེས་ཚོགས་ཆེན་འདིའི་ཐོག་ཏུ་མཁས་དབང་དང་སློབ་དཔོན་རྣམ་པ་ ༡༥ ལྷག་ཙམ་ཞིག་གིས་སོ་སོའི་བརྗོད་གཞི་ཐོག་ཕན་ཚུན་བགྲོ་གླེང་ལྷུག་པོ་གནང་ཡོད་པ་དང༌། ཟླ་འདིའི་ཚེས་ ༡༦ ཉིན་ཉེ་འཁོར་གྱི་ས་གནས་ཁག་ལ་གནས་གཟིགས་འགྲོ་རྒྱུ་གཏན་འཁེལ་ཡོད་པ་རེད།། ཝཱཎ་ས་གནས་གསར་འགོད་པ་བཅོ་ལྔ་ཚེ་རིང་གིས།

Share this:
༡༥༧ ཀློག་གྲངས།