སུད་སི་རུ་རྒྱ་གཞུང་ལ་ངོ་རྒོལ་ལས་འགུལ།

choegyal1སུད་སིའི་ཛུ་རིག་གི་གྲོང་ཁྱེར་ནང་རོལ་དབྱངས་ཁྲོམ་སྐོར་ཞིག་གི་སྐབས་བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ་ཞིག་སྤེལ་ཡོད་འདུག་ལ། ཁྲོམ་སྐོར་དེའི་ཐོག་འཛམ་གླིང་གི་ཡུལ་གྲུ་གང་ས་ནས་མི་གྲངས་ས་ཡ་གཅིག་ཙམ་མཉམ་ཞུགས་བྱས་ཡོད་འདུག

དེ་ཡང་ལོ་ལྟར་སུད་སིའི་ཛུ་རིག་གྲོང་ཁྱེར་ནང་རོལ་དབྱངས་དགའ་སྤྲོའི་ཁྲོམ་སྐོར་ཞེས་པ་ཞིག་གོ་སྒྲིག་བྱེད་སྲོལ་ཡོད་པ་ལྟར། འདི་ལོར་ཡང་ཕྱི་ཟླ་༨  ཚེས་ ༡༡  རོལ་དབྱངས་ཁྲོམ་སྐོར་ཉིན་འཛམ་གླིང་གི་ཡུལ་གྲུ་གང་ས་ནས་མི་འབོར་ཁྱོིན་བསྡོམས་ས་ཡ་གཅིག་ཙམ་མཉམ་ཞུགས་བྱས་ཡོད་པ་དང་། རོལ་དབྱངས་ཁྲོམ་སྐོར་དེའི་ནང་མཉམ་ཞུགས་བྱེད་མཁན་མང་ཆེ་བ་གཞོན་སྐྱེས་གླུ་གཞས་དང་། རོལ་མོ་སོགས་ལ་དབྱིངས་དང་དོ་སྣང་ཡོད་མཁན་ཤ་སྟག་ཡིན་འདུག་ལ། འདི་ལོར་རོལ་དབྱངས་གོ་སྒྲིག་པ་ཚོས་རྒྱ་ནག་ནས་རོལ་དབྱངས་པ་ཁ་ཤས་མགྲོན་འབོད་བྱས་ཡོད་པ་ལྟར། བོད་རིགས་ན་གཞོན་ཁ་ཤས་ཀྱིས་དང་བླང་ཐོག་གོ་སྐབས་དེ་བཟུང་ནས། རོལ་དབྱངས་ཁྲོམ་སྐོར་ནང་མཉམ་ཞུགས་ཀྱིས་བོད་ཀྱི་རྒྱལ་དར་དང་། ལག་ཏུ་སྦྱར་ཡིག་སོགས་བསྣམས་ནས་བོད་མིའི་སྐྱིད་སྡུག་མཉམ་མྱོང་མཚོན་ཆེད་རོལ་དབྱངས་ནང་མཉམ་ཞུགས་བྱས་ཡོད་པ་རེད།

choegyal2སྤྱིར་རོལ་དབྱངས་ཁྲོམ་སྐོར་དེ་ནི། ཡུ་རོབ་ནང་གཞོན་སྐྱེས་ཚོས་གོ་སྐབས་གལ་ཆེན་ཞིག་ལ་བརྩིས་ཡོད་པ་མ་ཟད། དགའ་མོས་བྱེད་ས་དང་ཁྲོམ་སྐོར་གྱི་ཉིན་མོ་གལ་ཆེན་པོ་ཞིག་ལ་མཐོང་གི་ཡོད། འོན་ཀྱང་།  བོད་རིགས་གཞོན་སྐྱེས་ཚོ་མཉམ་ཞུགས་བྱ་དོན་ནི། དགའ་སྤྲོའི་ཉིན་མོ་ཞིག་ལ་ངོས་འཛིན་གྱིས་མ་ཡིན་པར། བོད་ནང་གི་ཛ་དྲག་གི་གནས་སྟངས་དང་། ལྷག་པར་ཉེ་བའི་ཆར་བོད་ནང་དུ་རང་ལུས་མེར་སྲེག་ཕོན་ཆེ་བྱུང་བའི་བློ་ཕམ་དང་། ཡིད་སྐྱོ་བའི་གནས་ཚུལ་རྣམས་ཡིད་ལ་བསམ་ནས་བོད་རིགས་གཞོན་སྐྱེས་ཚོས་རོལ་དབྱངས་ནང་མཉམ་ཞུགས་ཀྱིས་ལས་འགུལ་དེ་སྤེལ་བ་ཞིག་རེད།

ལམ་གཞུང་དུ་རྒྱ་མིའི་རོལ་དབྱངས་གཞས་སྣ་ཁྲབ་སྟོན་པའི་མོ་ཊ་འབྱོར་མ་ཐག  བོད་རིགས་གཞོན་སྐྱེས་ཚོས་རྒྱ་མིའི་རོལ་དབྱངས་པའི་ཁྲོད་མཉམ་ཞུགས་ཀྱིས། ཁོང་ཚོའི་མོ་ཊ་དང་མཉམ་དུ་གོམ་བགྲོད་ཀྱིས་བོད་ཀྱི་རྒྱལ་དར་འཕྱར་བ་དང་། བོད་ནང་གི་ཛ་དྲག་གི་གནས་སྟངས་སྐོར་དང་། རྒྱ་མིའི་དགྲ་བོ་བོད་མི་མིན་པ་སོགས་ཀྱི་སྦྱར་ཡིག་སོགས་ལག་ཏུ་བཟུང་སྟེ་ཁྲོམ་སྐོར་བྱས་ཡོད་འདུག་པ་དང་།  ནམ་རྒྱུན་བོད་དོན་དང་འབྲེལ་བའི་སྐོར་གྱི་གནས་ཚུལ་དག་སུད་སུའི་གསར་ཤོག་དང་། བརྙན་འཕྲིན་ཁག་གི་ནང་དུ་ཐོན་གྱི་མེད་རུང་། རོལ་དབྱངས་ཁྲོམ་སྐོར་དེ་ནི་སུད་སིའི་གཟུགས་མཐོང་བརྙན་འཕྲིན་ཐོག་ཐད་ཀར་རྒྱང་བསྲིངས་བྱས་ཡོད་པ་རེད་འདུག།
གནས་ཚུལ་མཁོ་བཏོང་བ་སྤྱི་ཟུར་ཆོས་རྒྱལ་བསྟན་འཛིན་གྱིས་སུད་སི་ནས།

Share this:
༡༡༤ ཀློག་གྲངས།