དུད་སྤྲིན་དང་མེ་ལྕེ་བསྡེབས་ཏེ་ཕྱིན།

དེ་རིང་མལ་ལས་མགྱོགས་མྱུར་ལང་ཏེ་གདོང་དང་སོ་སྒོར་བཀྲུས་བ་ཕྱིན༎

དེ་རིང་བདག་གི་རྣ་བ་མི་སྙན་རྒན་གཅིག་གྲོངས་བའི་གཏམ་ངན་ཐོས༎

དེ་རིང་མཛོད་རྩ་བཟུང་བ་མ་ཁོམ་སྐུ་ཕུང་མེ་ལ་བསྲེགས་པ་ཕྱིན༎

དེ་རིང་མཐོང་བའི་སྐྱོ་གར་འདི་ལས་མྱུར་བོ་གྲོལ་བའི་སྨོན་ལམ་འདེབས༎

 

སྡུག་གི་མུག་པས་ས་གཞི་སྟིམ་ཞིང་སྐྱོ་བའི་ཡིད་མཁར་སྐྱ་ཐིང་ཐིང་༎

སུ་དང་གང་ལ་ཐབས་ཤེས་མེད་པ་ཆོས་ཉིད་དེ་འོག་ཕྱིན་དགོས་པ༎

ལས་དང་སུ་ཡིས་བཀའ་ཆད་ཡིན་ནམ་བྲལ་གདུང་སེམས་པ་རྨ་ཁ་དང་༎

སྐྱོ་གར་མིག་ཆུ་འཁུར་ཚོས་བརྒྱུད་ནས་རེ་རེ་བཞིན་དུ་ས་ལ་ལྷུང༌༎

 

སུ་དང་གང་ཞིག་མཉམ་འགྲོགས་མེད་པ་འཇིགས་སྐྲག་བར་དོ་ཁ་ནས་སོང་༎

ལུས་དང་རྣམ་ཤེས་ཁ་བྲལ་ཉིན་ནས་ཕན་པའི་གྲོགས་ནི་ཆོས་ཁོ་ན༎

བླ་དང་སློབ་མའི་དམ་ཚིག་མཐུས་ལས་རྣམ་ཤེས་བར་དོ་ཁ་ནས་འདྲེན༎

འདི་ཕྱི་གཉིས་ཀའི་ལམ་སྣེ་འདྲེན་པའི་སྐྱབས་གཅིག་བླ་མ་མིན་ན་སུ༎

 

ཚ་ཞིང་བསྲེགས་པའི་མེ་དུང་ཁ་ནས་གཅེས་པའི་ལུས་པོ་བསྲེགས་ནས་སོང་༎

དུད་དང་མེ་ལྕེ་དྲག་ཏུ་འཕྱུར་ནས་མཁའ་དབྱིངས་སྤྲིན་ནག་ཕུང་པོ་འགྱུར༎

དུས་ནས་དུས་སུ་རྟག་པ་འཛིན་པའི་རྟག་འཛིན་ཅན་གྱི་རྐང་གཉིས་པ༎

འཆི་བ་མི་རྟག་ནམ་མཁའི་གློག་དང་འདྲ་བ་རྟག་ཏུ་དྲན་པ་གྱིས༎

སྤྱི་ལོ་2012710ཉིན་ཕུང་པོ་མེ་ལ་བསྲེགས་མཁན་འགྲོ་ནས་ཕྱི་རང་ཤག་ཏུ་ལོག་ནས་བྲིས།

 

Share this:
༡༢༨ ཀློག་གྲངས།