བདེན་པའི་མེ་ལྕེ་ནས་བདེན་པའི་ཨུ་ཚུགས་སུ་བསྐྱོད།

ནམ་མཁའ།

ང་ཚོ་ཚང་མས་ཤེས་གསལ་ལྟར་ཆབ་སྲིད་ཀྱི་རི་སྒང་དེ་ནས་མར་མེ་ཁྲོམ་སྐོར་ཐེངས་ལྔ་བཅུ་རྒལ་སོང་།  ཡིན་ཡང་འཛམ་གླིང་གི་ཚོང་རྫས་སུ་གྱུར་བའི་བོད་ཀྱི་གནས་སྟངས་ལ་འགྱུར་བ་ཕྲན་བུ་ཙམ་ཡང་བྱུང་མེད།

དེས་རྐྱེན་བོད་ནང་གི་དཔའ་བོ་དང་དཔའ་མོ་ཚོས་རང་གི་ལུས་ལོངས་སྤྱོད་དང་།ཐ་ན་རང་གི་བྲང་ཁོག་ནས་བརྒྱུད་པའི་བུ་ཕྲུག་ཡང་བློས་བཏང་བྱེད་དང་བྱེད་བཞིན་ཡོད། འདི་འདྲའི་གནས་སྟངས་གཉེན་ཕྲེང་ཅན་ལ་བོད་མི་ཡོངས་ཀྱིས་སེམས་ནས་མ་བཟོད་པར།བོད་གཞུང་དང་འགོ་ཁྲིད་མི་སྣ་སོགས་ལ་ཁ་རྡུང་ཡང་གཏོང་བཞིན་ཡོད། མ་ཟད་ད་རུང་༧གོང་ས༧་མཆོག་གིས་བོད་ནང་གི་བོད་མི་ཚོར་རང་ལུས་མེ་བསྲེགས་ཀྱི་ལས་འགུལ་མཚམས་འཇོག་བྱེད་དགོས་བའི་བཀའ་སློབ་གནང་དགོས་ཚུལ་གྱི་བསམ་ཚུལ་དངོས་ཤུགས་གང་རུང་དུ་བརྗོད་དང་བརྗོད་བཞིན་ཡོད།

ཡིན་དང་ཡིན་འདི་དག་གི་བསམ་ཚུལ་ཚང་མ་རང་གི་མི་རིགས་ཞིག་གི་ཚེ་སྲོག་ཤོར་བ་ལ།སེམས་ནས་མ་བཟོད་པར་སྐད་ཆ་བཤད་ཚེ་ནུས་པ་ཐོན་པའི་གང་ཟག་ཞིག་ལ་རེ་བ་སེམས་གཏིང་ནས་རྒྱབ་པའི་རྟགས་ཞིག་ཡིན་པ་ལས་རང་གི་གཞུང་དང་འགོ་ཁྲིད་ལ་མ་དགའ་བའི་རྣམ་པ་ཞིག་ག་ལ་ཡིན། ཕྱོགས་གཞན་ཞིག་ནས་བཤད་ན་བོད་གཞུང་དང་འགོ་ཁྲིད་རྣམ་པ་ཚོའི་སྐད་ཆ་དག་གིས་རྒྱལ་སྤྱིའི་སྟེང་ནུས་པ་མགྱོགས་པོ་ཐོན་དཀའ་བ་ཞིག་རེད།གང་གིས་ཟེར་ན་ང་ཚོའི་གདོང་གཏད་སའི་རྒྱལ་ཁབ་དེ་འཛམ་གླིང་གི་ཁྲོམ་ར་ཆེན་པོ་ཞིག་ཡིན་ལ།དེ་ནས་ཁོང་ཚོར་དཔལ་འབྱོར་གྱི་ཁེ་ཕན་ཆེན་པོ་ཞིག་ཐོབ་ཀྱི་ཡོད།ཁོང་ཚོའི་དཔལ་འབྱོར་གྱི་ཁེ་ཕན་དང་ང་ཚོ་བོད་མི་ཚོའི་བདེ་སྡུག་གཉིས་ལས་ཁོང་ཚོའི་ཁེ་ཕན་དེ་དང་པོ་འཛིན་པ་ང་ཚོས་མཐོང་གསལ་རེད།

དེ་མིན་ཁ་སང་དེ་རིང་ང་ཚོ་ཚང་མས་མཐོང་གསལ་གྱི་༼སེ་རི་ཡ༽ཡི་ནང་འཁྲུགས་དེ་ལྷིང་འཇགས་ཙམ་བྱེད་པ་ལ་ཡང་རྒྱལ་ཁབ་གཉིས་མོས་མཐུན་མེད་པ་ལ་ཁ་གཡར་སྟེ།རྒྱང་རིང་ནས་འཛམ་གླིང་གིས་ལྟད་མོ་བལྟ་བཞིན་ཡོད་པ་ང་ཚོས་ཤེས་གསལ་རེད། ཁོང་ཚོར་ལུང་པ་དེ་གར་ཁེ་ཕན་མེད་པའི་རྟགས་ཡིན། གལ་སྲིད་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་ཚོའི་ཁེ་ཕན་ལ་གྱོང་རྒུད་སླེབས་པའི་ཉིན་མོ།ཚོང་རྫས་སུ་བོད་ཀྱི་གནད་དོན་རྒྱ་ནག་གི་མདུན་ཅོག་སྟེང་ལ་འཇོག་གི་ཡོད། དེ་ནི་རྒྱ་ནག་གི་མིག་ལམ་དང་རྣ་ལམ་དུ་ལོ་ངོ་ལྔ་བཅུའི་རིང་བྱང་ཆ་ཡོད་པས་ཁོང་ཚོའི་ནམ་ཡང་གདེངས་འཇོག་མི་བྱེད།

འོ་ན་ང་ཚོས་ད་རུང་ཡང་བོད་ནང་གི་མེ་བསྲེགས་ལས་འགུལ་ལ་གདུང་སེམས་མཉམ་བསྐྱེད་ཡིན་ཟེར་ནས་མར་མེ་ཁྲོམ་སྐོར་རེ་བྱས་ཏེ་སྡོད་རྒྱུ་ཡིན་ནམ།འདི་ནི་རི་སྒང་དེ་གར་གྱི་ཕྱིའི་རྣམ་པ་ཙམ་ལས་ནུས་པ་ཞིག་ནམ་ཡང་མི་ཐོན་ལ།འཛམ་གླིང་གི་མིག་མདུན་ན་ནམ་ཡང་བོད་དེ་ནག་ཁུང་དུ་གྱུར་ཡོད་པ་ལས་བདེ་སྡུག་སེལ་བའི་འོད་སྣང་ཞིག་ཁོང་ཚོའི་མིག་མདུན་ལ་འཆར་མི་ཐུབ།

དེ་མིན་བོད་ནང་གི་རང་ལུས་མེ་བསྲེགས་ཀྱི་ལས་འགུལ་མཚམས་འཇོག་བྱེད་དགོས་བའི་བཀའ་སློབ་གང་ཟག་ནུས་པ་ཅན་ཞིག་གིས་འབོད་སྐུལ་གནང་དགོས། ཡང་ན་རང་སྲོག་ལ་རྒོལ་བའི་ངོ་བོ་འདི་བདེན་པའི་ཨུ་ཚུགས་ཀྱི་ལམ་དུ་བསྐྱོད་དགོས། དེ་ཡང་བོད་ནང་གི་སོ་སོའི་ས་གནས་ཀྱི་སྲིད་གཞུང་གི་མདུན་ནས༼བོད་རྒྱ་གྲོས་མོལ་བྱེད་དགོས་བའི་འབོད་སྐུལ༽ཟས་བཅད་ངོ་རྒོལ་ལྟ་བུ་བྱེད་དགོས།

དེ་ཡང་དུས་ཡུན་སྐར་མ་འགའ་ཡང་བྱེད་དབང་མེད་པར་བཙོན་འཇུག་བྱེད་པ་ཐག་གིས་ཆོད་མོད།འོན་ཀྱང་རང་ལུས་མེ་བསྲེགས་ལས་བོད་མི་རིགས་དང་དཔའ་བོ་དང་དཔའ་མོ་ཚོའི་ནང་མི་སོགས་ཡོངས་ལ་གྱོང་རྒུད་ཆུང་བར་བསམ།  དེ་མིན་མི་གྲངས་ས་ཡ་༦དྲུག་གི་ནང་ལོགས་སུ་ལོ་གཅིག་ཙམ་རིང་མེ་བསྲེགས་ལྔ་བཅུ་རྒལ་བ་འདི་ཧ་ལས་བ་ཞིག་རེད་འདོད།   ང་ཚོས་འདི་གར་ཀྱང་བོད་རྒྱ་གྲོས་མོལ་བྱེད་དགོས་བའི་འབོད་སྐུལ་ཐབས་ལམ་འདྲ་མིན་བྱེད་དགོས་བསམ།   གང་ལྟར་མེ་བསྲེགས་ལས་འགུལ་འདི་མཚམས་འཇོག་ལ་བྱེད་ཐབས་འདྲ་མིན་སྤྱད་དགོས་བར་མཐོང་སོང་།

ཕྱོགས་གཞན་ཞིག་ནས་བསམ་བློ་བཏང་སྟེ་བཤད་ན།   དེ་རིང་བར་དུ་རྒྱ་གཞུང་གིས་བོད་རྒྱ་གྲོས་མོལ་དེ་ཡང་ཏྰ་ལའི་བླ་མའི་སྐུ་སྒེར་གྱི་གྲོས་མོལ་ལ་ངོས་འཛིན་བྱེད་པ་ལས་བོད་མི་ས་ཡ་དྲུག་གི་གནད་དོན་ལ་ངོས་ལེན་བྱས་མེད། ད་ནི་ཏྰ་ལའི་བླ་མས་ཆབ་སྲིད་འགན་དབང་ཆ་ཚང་བཞག་སྟེ།བོད་མི་ཡོངས་ཀྱིས་འདེམས་བསྐོ་ལས་བྱུང་བའི་བཀའ་ཁྲིར་རྩིས་སྤྲོད་བྱས་ཟིན་པས་གྲོས་མོལ་གྱི་ཁ་ཕྱོགས་ཀྱི་མིང་དེ་ཡང་རྒྱ་གཞུང་གིས་གང་ཞིག་ལ་ངོས་འཛིན་མིན་ཡང་བཤད་དཀའ་བའི་གནས་སུ་གྱུར་ཡོད་སྙམ།

ད་རུང་ཡང་ཁོང་ཚོའི་བཟུང་བའི་ཁ་ཕྱོགས་དེ་སྐུ་སྒེར་གྱི་ངོ་བོ་ལས་འགྱུར་བ་ཅི་ཡང་བཏང་མི་འདུག་སྙམ།རྒྱུ་མཚན་ནི་བཀའ་ཁྲི་བློ་སེང་ནུབ་ཕྱོགས་ཀྱི་འགོ་ཁྲིད་འགའ་རེ་མཇལ་འཕྲད་སྐབས་རྒྱ་གཞུང་གིས་མ་ཤེས་ཁུལ་གྱིས་ཅི་ཡང་མི་བཤད་པས་བཙན་བྱོལ་གཞུང་གི་སྒྲིགས་འཛུགས་དེ་སྐུ་སྒེར་གྱི་གནད་དོན་ལས་བཀའ་ཁྲི་བློ་སེང་ངོས་ལེན་མེད་པའི་རྣམ་པ་གསལ་བོ་རེད། གང་ལྟར་གཞི་བྱེས་གཉིས་ཀྱིས་ཆིག་སྒྲིལ་བྱས་ཏེ་རང་ལུས་མེ་བསྲེགས་ཀྱི་ལས་འགུལ་འདི་མཚམས་འཇོག་བྱེད་ཐབས་ཞིག་ལ་འབད་རོགས།ཐབས་ལམ་གཞན་ཞིག་གིས་སྒོ་ནས་རང་དབང་འཐབ་རྩོད་བྱེད་དགོས་བར་བསམ་ཚུལ་དང་དགོངས་གཞི་གནང་ཐབས་ལ་ཚང་མར་གུས་བས་འབོད་སྐུལ་བྱེད་བཞིན་ཡོད།

ནམ་མཁས༡༤/༨/༢༠༡༢ལ་ཡོ་རུབ་ནས་བྲིས།

Share this:
༩༥ ཀློག་གྲངས།