བོད་པའི་བུ་ཞིག་ལ་རྒྱ་གར་བ་ཞིག་གིས་གྲི་བསྣུན་པའི་དོན་རྐྱེན།

ཟླ་འདིའི་ཚེས་༡༤ ཉིན་བསྟན་འཛིན་དར་རྒྱལ་ཟེར་བའི་རང་ལོ་༢༢  ཡིན་པའི་བོད་པའི་བུ་ཞིག་ལ་རྒྱ་གར་ཕོ་གསར་གཉིས་ཀྱིས་གྲི་བསྣུན་པའི་གནས་ཚུལ་རྒྱ་གར་བརྒྱུད་ལམ་ཁག་ཏུ་སྤེལ་འདུག

དེ་ཡང་ཁ་སང་ཚེས་༡༤  ཉིན་གྱི་དགོང་མོ་ཆུ་ཚོད་༧  པར་དགོང་ཟས་ཟ་རུ་སོང་སྐབས།  རྒྱ་གར་ལྷོ་ཕྱོགས་མེ་སོར་གྱི་ཨིན་རྡ་ར་བྷ་ཝན་མགྲོན་ཁང་གི་ཉེ་འགྲམ་ཞིག་ནས་སྦག་སྦག་བཞོན་ནས་ཡོང་བའི་རྒྱ་གར་ཕོ་སར་གཉིས་ཀྱིས་གྲི་བསྣུན་ནས་བྲོས་ཡོད་འདུག་ཅེས་ས་གནས་ཉེན་རྟོག་སྤྱི་ཁྱབ་འགན་འཛིན་(Police Commissioner) སྐུ་ཞབས་སུ་རྡིར་གྱིས་འགྲེལ་བརྗོད་གནང་འདུག

ཁོང་གིས་མུ་མཐུད་བརྗོད་དོན།  གནས་ཚུལ་དེ་ཉེན་རྟོག་པའི་ཤེས་རྗེས་གློ་བུར་དུ་དོན་རྐྱེན་བྱུང་སའི་ས་གནས་དེར་ཉེན་རྟོག་པ་སོང་ནས་ཁོང་སྨན་ཁང་དུ་བསྐྱལ་བ་རེད་ཅེས་དང།   གྲི་རྒྱག་མཁན་ཁོང་གིས་རྒྱ་གར་བྱང་ཤར་ཁུལ་ནས་ཡིན་པར་དོགས་ནས་གྲི་བཙུགས་པའི་དོགས་པ་བྱེད་ཀྱི་ཡོད་ལུགས་བརྗོད་འདུག

ཁོང་ལ་བྲང་ཁོག་ཏུ་རྨས་རྐྱོན་ཚབས་ཆེ་ཕོག་ཡོད་པས།  ད་ལྟ་ཀི་རི་ཤི་ན་རྭ་ཇིན་རྡ་ར་ཞེས་པའི་སྨན་ཁང་དེར་ཛ་དྲག་ངང་ལྷག་ཡོད་འདུག

སྤྱིར་བསྟན་འཛིན་དར་རྒྱལ་ཁོང་ཀུ་ཤལ་ན་གར་མཐོ་སློབ་ཏུ་དམིགས་བསལ་ལག་འཁྱེར་(Diploma) ཆེད་སློབ་སྦྱོང་བྱེད་བཞིན་པ་དང།   དོན་རྐྱེན་དེ་མ་བྱུང་བའི་ཉིན་གཉིས་སྔོན་མེ་སོར་གྲོང་ཁྱེར་གྱི་སྨན་ཁང་ཞིག་ཏུ་གྲྭ་པ་ནད་པ་གཉིས་ལ་ནད་གཡོག་ཏུ་འགྲོ་ཡི་ཡོད་འདུག

དོན་རྐྱེན་དེའི་རྐྱེན་པས་རྒྱ་གར་ཉེན་རྟོག་པས་སྦེལ་ཀོབ་དང་ཧུང་སུར་གཞིས་ཆགས་གཉིས་སུ་བོད་མི་སྲུང་སྐྱོབ་ཀྱི་ལས་རིམ་ཤུགས་ཆེ་བཏང་ཡོད་ལུགས་དང།   ཕྱོགས་མཚུངས་གྲི་རྒྱག་མཁན་གཉིས་རྩད་གཅོད་བྱེད་འགོ་ཚུགས་ཡོད་ཅེས་ཉེན་རྟོག་པས་བརྗོད་འདུག

འདི་ནས་སྦེལ་ཀོབ་ཏུ་གནས་སྡོད་སྐུ་ཞབས་ལྷག་པ་ཚེ་རིང་ལགས་སུ་ངོ་དེབ་བརྒྱུད་གནས་འདྲི་བྱེད་སྐབས།  ཁོང་གིས་བརྗོད་དོན།  རྒྱ་གར་ས་གནས་སྤྱི་ཁྱབ་ཉེན་རྟོག་པ་གཞོན་པས་ས་གནས་འགོ་འཛིན་ལ་ཁ་པར་བརྒྱུད་བོད་མི་རྣམས་ཀྱིས་གནས་སྐབས་གཟབ་གཟབ་བྱེད་དགོས་པ་དང།  དོན་དག་ཆེན་པོ་མིན་ན་གྲོང་ཁྱེར་དུ་མ་ཕེབས་རོགས་ཞེས་འབོད་སྐུལ་ཞུས་ཡོད་ཚོད་འདུག་ཅེས་བརྗོད་སོང།

སྤྱིར་ཉིན་ཤས་སྔོན་ནས་རྒྱ་གར་གྲོང་ཁྱེར་པུ་ནེར་དུ་སློབ་སྦྱོང་དང།  ལས་ཀ་བྱེད་བཞིན་པའི་རྒྱ་གར་བྱང་ཤར་ཡུལ་མི་ཚོར་ས་གནས་རྒྱ་གར་ཡུལ་མིས་རྡུང་རྡེག་གཏོང་བའི་གནས་ཚུལ་ཡོད་པས།  བོད་པའི་བུ་དེ་རྒྱ་གར་བྱང་ཤར་ཡུལ་མི་ཡིན་པར་དོགས་ནས་གྲི་བསྣུན་པའི་དོན་རྐྱེན་དེ་ཆགས་ཡོད་སྲིད་ཅེས་ཉེན་རྟོག་པས་དོགས་པ་བྱེད་ཀྱི་ཡོད་པ་རེད།།

http://m.timesofindia.com/city/mysore/Tibetan-youth-stabbed-in-Mysore/articleshow/15495191.cms

Share this:
༨༨ ཀློག་གྲངས།